གཟའ་ཉི་མ། ༢༠༡༩ ཟླ་༧ པའི་སྤྱི་ཚེས་༢༠

འདོད་སྤྱོད་དང་འབྲེལ་བའི་བརྙས་བཅོས་ཀྱི་ ཉོག་བཤད་བཀོད་སའི་ས་གོ

སྤྱི་ཟླ་༧ པའི་ཚེས་ ༡༢ ༢༠༡༨

 

༉ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཞི་གཡོགཔ་ཚུ་ལུ་ ཁོང་རའི་ལཱ་འབད་སའི་ས་གོ་ནང་ལུ་ འདོད་སྤྱོད་དང་འབྲེལ་བའི་ བརྙས་བཅོས་རེ་འཐོན་པ་ཅིན་ སྙན་ཞུ་འབད་ནི་གི་ ཐབས་ཤེས་ཅིག་སྒྲིག་ནུག

ཞི་གཡོགཔ་ཚུ་གིས་ འདོད་སྤྱོད་དང་འབྲེལ་བའི་ བརྙས་བཅོས་རེ་འཐོན་པ་ཅིན་ ཞི་གཡོག་ལྷན་ཚོགས་ཀྱི་ མི་སྟོབས་འགོ་དཔོན་གོངམ་ ཤེས་རབ་བཟང་པོ་དང་ རོཥ་མི་རཱ་ན་གཉིས་ལུ་ ཉོག་བཤད་བཀོད་དགོ་ནི་ཨིནམ་ད་ ཁོང་༢་ཀྱིས་ ཞིབ་དཔྱད་ཚུ་འབད་བའི་ཤུལ་ ཕན་བདེ་ཚོགས་ཆུང་ལུ་ བཏངམ་ཨིན་མས།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ནང་ལས་ མི་སྟོབས་འགོ་དཔོན་གོངམ་ ཤེས་རབ་བཟང་པོ་གི་སླབ་མི་ནང་ ཐབས་ལམ་དེ་སྦེ་བཏོན་མི་འདི་ཡང་ ཞི་གཡོགཔ་ཚུ་ལུ་ ལཱ་འབད་དགོ་མནོ་སི་སི་གི་ ས་གོ་བཟོ་ནི་ལུ་ དམིགས་གཏད་བསྐྱེད་དེ་ ཨིན་ཟེར་བཤད་ཅི།

ད་རུང་ ཁོ་གིས་སླབ་མི་ནང་ ཉོག་བཤད་འདི་ཚུ་ཡང་ ག་བཟུམ་ཨིན་ན་དང་ འདི་ནང་ལུ་ གྲལ་ཁར་གཏོགས་མི་ ག་རང་ཡོད་ག་ དབྱེ་ཞིབ་འབད་ཨིན་ཟེར་ཨིན་མས།

 ལཱ་འབད་སའི་ས་གོ་ནང་ལུ་ འདོད་སྤྱོད་དང་འབྲེལ་བའི་ བརྙས་བཅོས་ཟེར་མི་འདི་ ཕྱིའི་གཟུགས་ལུ་རྩུབ་སྤྱོད་བཀལ་མི་གིས་མ་དོ་བར་ བློ་ཁམས་ལོག་སི་སི་སླབ་ནི་དང་ གཟུགས་ཁ་ལུ་ ག་ལྷོད་ ལགཔ་དོག་ནི་ འདི་བཟུམ་སྦེ་ ལཱ་འབད་སའི་ས་གོ་ནང་ལུ ཨམ་སྲུ་དང་ཕོ་སྐྱེས་༢་ཆ་རང་གིས་ ཆབ་གསང་ཕུད་རྡོག་༡་འབད་མི་འདི་ ལག་ལེན་འཐབ་དགོ་པའི་ གནས་སྟངས་ཚུ་ལུ་ཡང་ གོ་ནི་ཨིན་མས།

ད་ལྟོ་ཚུན་ཚོད་ ཡིག་ཚང་ཚུ་ནང་ལས་ཕར་ འདོད་སྤྱོད་དང་འབྲེལ་བའི་ གནད་དོན་ཚུ་ཐོན་ཡོད་པའི་སྐོར་ལས་ གཞུང་འབྲེལ་གྱི་སྙན་ཞུ་ཅིག་ མེདཔ་ཨིན།

ཨིན་རུང་ སྤྱི་ལོ་༢༠༡༥་གི་ཞིབ་འཇུག་དང་འཁྲིལཔ་ད་ ཞི་གཡོགཔ་ཨམ་སྲུ་ལས་རོགསཔ་ཚུ་ལུ་ ཁོང་རའི་ཡིག་ཚང་གི་ ཕོ་སྐྱེས་མཉམ་རོགས་དང་ འགོ་དཔོན་ཚུ་ནང་ལས་ འདོད་སྤྱོད་དང་འབྲེལ་བའི་ བརྙས་བཅོས་ཚུ་ བྱུང་དོ་ཡོདཔ་སྦེ་ཐོན་ནུག

ཞི་གཡོག་གི་ནང་ལུ་ འདི་བཟུམ་གྱི་ཐབས་ལམ་སྟོན་མི་འདི་ཡང་ ཞི་གཡོགཔ་ཚུ་གི་ ཕན་བདེ་གི་ཞབས་ཏོག་དང་འབྲེལ་བའི་ ཐབས་ལམ་ཅིག་ཨིནམ་ད་ འདི་ཡང་ དུས་ཅི་ སྤྱི་ཟླ་༧་པའི་ནང་ལས་ འགོ་བཙུགས་ནུག