གཟའ་ཕུར་བུ། ༢༠༡༨ ཟླ་༩ པའི་སྤྱི་ཚེས་༡༩

གློག་བརྙན་ལྷན་ཚོགས་ གཞི་བཙུགས་འབད་ནི་ཨིནམ།

སྤྱི་ཟླ་༧ པའི་ཚེས་ ༡༢ ༢༠༡༨

༉ བརྒྱུད་འབྲེལ་ལྷན་ཁག་དང་འཁྲིལཔ་ད་ རྒྱལ་ཁབ་ནང་ལུ་ གློག་བརྙན་ལྷན་ཚོགས་ གཞི་བཙུགས་འབད་ནི་གི་སྐོར་ལས་ ལོ་༡༠་དེ་ཅིག་ གྲོས་བསྡུར་དང་བསྐྱར་ཞིབ་འབད་བའི་ཤུལ་ལུ་ དུས་ཅི་ གཞི་བཙུགས་འབད་ཚུགས་པའི་ རེ་བ་ཡོདཔ་སྦེ་ཨིན་མས།

ད་རུང་ ལྷན་ཁག་གིས་འབད་བ་ཅིན་ འབྲུག་གི་བརྡ་དོན་བརྒྱུད་འབྲེལ་དང་བརྡ་བརྒྱུད་བཅའ་ཁྲིམས་༢༠༡༨་ཅན་མའི་ དགོངས་དོན་དང་འཁྲིལ་རུང་ རང་སྐྱོང་གི་གཙུག་སྡེ་ཅིག་ དགོཔ་སྦེ་རང་ འཁོད་དེ་ཡོད་ཟེར་བཤད་ཅི།

 འདི་འབདཝ་ལས་ ལྷན་ཚོགས་གཞི་བཙུགས་འབད་ནི་དོན་ལུ་ བརྒྱུན་འབྲེལ་ལྷན་ཁག་གིས་ ད་ལྟོ་ཚུན་ཚད་ ཡིག་ཚང་རྐྱབ་ནི་གི་ ལཱ་བརྒྱ་ཆ་༨༠དེ་ཅིག་ མཇུག་བསྡུ་ནུག

བརྒྱུད་འབྲེལ་ལྷན་ཁག་གི་ དྲུང་ཆེན་ དྲག་ཤོས་ཀརྨ་དབང་ཕྱུག་དཔལ་འབྱོར་གྱིས་གསུང་མི་ནང་ གློག་བརྙན་ལྷན་ཚོགས་ནང་ལུ་ བཀོད་ཁྱབ་འགོ་དཔོན་དང་ གཞན་མི་ལས་བྱེདཔ་ཚུ་ཡང་ བཅའ་ཁྲིམ་དང་འཁྲིལ་ཏེ་རང་ བཀལ་འོང་ཟེར་གསུང་གནང་ཡི།

གློག་ལྷན་ཚོགས་གིས་ གློག་བརྙན་བཟོ་བསྐྲུན་གྱི་ནང་ལུ་ ཁྱད་རིག་གི་རྒྱབ་སྐྱོར་དང་ སྦྱོང་བརྡར་ དེ་ལས་ མ་དངུལ་ཚུ་ འབྱིན་ནི་ཨིན་མས།

ད་རུང་ གློག་བརྙན་ལྷན་ཚོགས་འདི་གིས་ རྒྱལ་སྤྱི་གི་གློག་བརྙན་དུས་སྟོན་ཚུ་ནང་ཡང་ བཅའ་མར་གཏོགས་བཞིན་ན་ འབྲུག་པའི་གློག་བརྙན་ཚུ་ ཡར་དྲག་བཏང་ནི་ཨིནམ་མ་ཚད་ གློག་བརྙན་གྱི་གནང་བ་དང་ གནས་ཚད་ དེ་ལས་ མི་མང་ལུ་སྟོན་ཆོགཔ་མ་ཆོགཔ་གི་ངོ་སྦྱོར་ཚུ་ཡང་ འབད་དགོ་ནི་ཨིན་མས།

ཨིན་རུང་ གློག་བརྙན་ལྷན་ཚོགས་འདི་ ནམ་ལས་ ལཱ་འབད་ནི་འགོ་བཙུགས་འོང་ག་ ད་ལྟོ་ ཏན་ཏན་ཅིག་འགྱོ་མ་ཚུགས་པར་འདུག

བརྒྱུད་འབྲེལ་ལྷན་ཁག་གིས་ ད་རེས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ གློག་བརྙན་ལྷན་ཚོགས་ཀྱི་བཀོད་ཁྱབ་གཙོ་འཛིན་འགོ་དཔོན་དང་ གཞན་མི་ལས་གཡོགཔ་ཚུ་བཀལ་ནི་དོན་ལུ་ བསྒུག་སྟེ་ཡོདཔ་སྦེ་ཨིན་མས།