གཟའ་མིག་དམར། ༢༠༡༨ ཟླ་༧ པའི་སྤྱི་ཚེས་༢༣

བསམ་རྩེ་ ནོར་བུ་སྒང་ལུ་ སྒོ་ནོར་ཐོན་སྐྱེད་བཙོང་སའི་ས་གོ

སྤྱི་ཟླ་༧ པའི་ཚེས་ ༡༡ ༢༠༡༨

༉ བསམ་རྩེ་ ནོར་བུ་སྒང་ལུ་ སྒོ་ནོར་ཐོན་སྐྱེད་བཟོ་སྦྱོར་དང་ ཁྱད་བཅུད་ཁ་སྐོང་ཚོང་ལས་ཨམ་སྲུའི་སྡེ་ཚན་ཟེར་མི་ ཚོང་འབྲེལ་འཐབ་ནི་གི་ས་གོ་ཅིག་ འགོ་འབྱེད་འབད་ཡི།

ཚུང་འབྲེལ་འཐབ་སའི་ས་གོ་འདི་ཡང་ བརྒྱུད་འབྲེལ་བློན་པོ་ དྲི་ཨེན་དུང་གེལ་གྱིས་ འགོ་འབྱེད་གནང་སྟེ་ཡོདཔ་ཨིན་མས།

འདི་འབདཝ་ལས་ ས་གོ་འདི་ལས་བརྟེན་ཏེ་ ད་ལས་ཕར་ བསམ་རྩེ་གི་མི་སེར་སོ་ནམ་པ་ཚུ་ལུ་ ཚོང་འབྲེལ་གྱི་གདོང་ལེན་བྱུང་མི་འདི་ཡང་ བསལ་ཚུགས་ནི་ཨིན་མས།

ཐོན་སྐྱེད་འདི་ཚུ་ཡང་ ས་གོ་འདི་ནང་ལུ་འབག་འོང་བཞིན་ན་ ཁྲོམ་ཁ་ལུ་ བཙོང་ཆོགཔ་སྦེ་ བཟོ་དོ་ཡོདཔ་ཨིན་མས།

བཟོ་སྦྱོར་ཁང་འདི་ཡང་ ཨམ་སྲུ་འཐུས་མི་༦་འབད་མི་ སྡེ་ཚན་ཅིག་གིས་ འཛིན་སྐྱོང་འཐབ་ཨིན་མས།

སྒོ་ནོར་ཐོན་སྐྱེད་བཟོ་སྦྱོར་དང་ ཁྱད་བཅུད་ཁ་སྐོང་ཚོང་ལས་ཨམ་སྲུའི་སྡེ་ཚན་ནང་ལས་ འཐུས་མི་ཚུ་གིས་སླབ་མི་ནང་ བཟོ་སྦྱོར་ཁང་འདི་ནང་ལུ་ འཁྱེག་ཆག་ཆགཔ་གི་བྱ་ཤ་ཚུ་ བཟོ་ཞིནམ་ལས་ བཙོང་མི་འདི་གིས་ བྱ་ཤ་ཚུ་ ནང་འདྲེན་འཐབ་དགོཔ་མེདཔ་ལས་ འབྲུག་གི་ཏི་རུ་ཚུ་ཡང་ ཕྱི་ཁ་བཏང་དགོཔ་མི་འཐོན་ནི་ཨིནམ་ཚད་ ཁོང་ལུ་ཡང་ འོང་འབབ་བཟོ་ནི་ནང་ ཕན་ཐོག་འབྱུང་འོང་ཟེར་བཤད་ཅི།

བསམ་རྩི་གི་སྒོ་ནོར་འགོ་དཔོན་ ཀརྨ་རྡོ་རྗེ་གིས་སླབ་མི་ནང་ ཚོང་འབྲེལ་གྱི་ ས་གོ་འདི་ལས་བརྟེན་ཏེ་ གཙང་སྦྲ་དང་ལྡན་པའི་ ཐོན་སྐྱེད་ཚུ་ ལེགས་ཤོམ་སྦེ་ སྒམ་རྐྱབ་ཞིན་ན་ བཙོང་ནི་དོན་ལུ་ ཨིན་ཟེར་བཤད་ཅི།

ད་རུང་ ཁོ་གིས་སླབ་མི་ནང་ ཟད་འགྲོ་དངུལ་ཀྲམ་ས་ཡ་༣་ལྷགཔ་ཅིག་གི་ལས་འགུལ་འདི་ ན་གཞོན་ཚུ་ལུ་ ལཱ་གཡོག་གི་ གོ་སྐབས་བཟོ་ནི་གི་དོན་ལུ་ཡང་ ཨིན་ཟེར་ཨིན་མས།

བཟོ་སྦྱོར་འབད་དེ་ཡོད་མི་ཐོན་སྐྱེད་ཚུ་ཡང་ མང་ཤོས་ཅིག་རང་ ས་ཁ་མཐོ་ས་ལས་ཕར་ཡོད་པའི་་རྫོང་ཁག་ཚུ་ནང་ལུ་ བཙོང་ནི་ཨིན་མ་ཚད་ བཟོ་སྦྱོར་ཁང་འདི་ནང་ལས་ཡང་ ཐོབ་ཚུགས་ནི་ཨིན་མས