གཟའ་ཉི་མ། ༢༠༡༨ ཟླ་༧ པའི་སྤྱི་ཚེས་༢༡

ཚོང་འབྲེལ་གྱི་ ཆོག་ཐམ་༩་གླ་ཁར་བཏང་མི་ལུ་འཁྲུན་ཆོད།

སྤྱི་ཟླ་༧ པའི་ཚེས་ ༦ ༢༠༡༨

༉ ཕུན་ཚོགས་གླིང་དྲུང་ཁག་ཁྲིམས་ཀྱི་འདུན་ས་ལས་ སྐྱེ་ལོ་༣༥་ལང་མི་ ཨཱ་ནུ་ལཱམ་གཱ་དེ་ལུ་ ཚོང་འབྲེལ་གྱི་ཆོག་ཐམ་༩་གླ་ཁར་བཏང་ཡོད་པའི་ ཁ་ཉེས་ཕོག་མི་ལུ་བརྟེན་ཏེ་ གཞུང་ལུ་ དངུལ་ཀྲམ་འབུམ་༡༧་ལྷགཔ་ཅིག་ བཏབ་དགོ་པའི་ འཁྲུན་ཆོད་གནང་ནུག

ཨིན་རུང་ ཨམ་སྲུ་འདི་ ད་ལྟོའི་བར་ན་ཡང་ ཁྲིམས་ཀྱི་འདུན་ས་ལུ་ བཅར་ནི་མེདཔ་ལས་ ཆེད་བཤོལ་གྱི་འཁྲུན་ཆོད་གནང་ཡོདཔ་མ་ཚད་ མི་ངོམ་འདི་ཡང་ འཚོལ་བའི་བསྒང་ར་འདུག

ཨཱ་ནུ་ལཱམ་གཱ་དེ་གི་མིང་ཐོག་ཁར་ ཕུན་ཚོགས་གླིང་ལུ་ ཚོང་གི་ཆོག་ཐམ་༧་དང་ ལྷ་མོའི་རྫིང་ཁ་ལུ་༢་ཡོདཔ་མི་ཚུ་ ཤུལ་ལས་ ཁྲིམས་ཀྱི་འདུན་ས་ལས་ ཆ་མེད་བཏང་ནུག

འཁྲུན་ཆོད་དང་འཁྲིལཔ་ད་ མོ་གིས་ ཆོག་ཐམ་ཚུ་ཡང་ རྒྱ་གར་རཱ་ཇིས་ཐཎ་ལས་ ཕོ་རྒས་ཅིག་ལུ་ སྤྱི་ལོ་༢༠༠༧་ལས་༢༠༡༤་ཚུན་ཚོད་ གླ་ཁར་སྤྲོད་དེ་ བར་འཐུས་དངུལ་ཀྲམ་འབུམ་༡༦་ལྷགཔ་ཅིག་ ལེན་ཡོདཔ་སྦེ་བཀོད་དེ་འདུག

ཨམ་སྲུ་འདི་གིས་ ཁྲིམས་ཀྱི་འདུན་ས་ལུ་ རྩོད་གཞི་ཕྱི་བའི་སྐབས་ སྙན་གསན་གཅིག་ནང་ཡང་ བཅར་མ་བཏུབ་ལས་ ཨམ་སྲུ་འདི་ལུ་ བར་འཐུས་ལེན་མི་ཚུ་ གཞུང་ལུ་བཏབ་དགོ་པའི་ ཆེད་བཤོལ་གྱི་འཁྲུན་ཆོད་གནང་ནུག

འདི་བཟུམ་སྦེ་ ཁྲིམས་འགལ་གྱི་ཐོག་ལས་ ཚོང་འབྲེལ་གྱི་ཆོག་ཐམ་ གླ་ཁར་སྤྲོད་ཡོད་པའི་ ཉེས་བྱ་དངུལ་ཀྲམ་སྟོང་ཕྲག་༩༠་ཐམ་པ་ཡང་ བཏབ་དགོ་པའི་ འཁྲུན་ཆོད་གནང་སྟེ་ཡོདཔ་ཨིན།

ཨིན་རུང་ ཁྲིམས་ཀྱི་འདུན་སའི་ འཁྲུན་ཆོད་འདི་དང་འཁྲིལཔ་ད་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྒྱ་གར་གྱི་མི་ངོམ་འདི་ལས་ ཅ་ཆས་ནང་འདྲེན་འབད་ཡོད་པའི་ སྐྱེད་དངུལ་ཀྲམ་འབུམ་༡༤་ལྷགཔ་ཅིག་ ཐོབ་བརྗོད་བཀོད་མི་འདི་ སྒྲུབ་བྱེད་གསལ་ཏོག་ཏོ་སྦེ་མེདཔ་ལས་ གནད་དོན་འདི་ ཕྱིར་འབུད་གནང་ནུག

གནད་དོན་འདི་གི་སྐོར་ལས་ ཞིབ་དཔྱད་ཚུ་འབད་བའི་སྐབས་ ཅ་ཆས་གཞུང་བཞེས་འབད་དེ་ཡོད་མི་ཚུ་ རིན་བསྡུར་གྱི་ཐོག་ལས་བཙོང་ཞིནམ་ལས་ དངུལ་ཀྲམ་ས་ཡ་༦་ལྷགཔ་ཅིག་ ཐོབ་མི་འདི་ཡང་ གཞུང་བཞེས་འབད་ནུག