གཟའ་ཉི་མ། ༢༠༡༩ ཟླ་༡༡ པའི་སྤྱི་ཚེས་༡༦

ནལ་གཟནམ་གིས་ བྱཱ་ལུ་གནོད་པ་བཀལ་དོ་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༥ ༢༠༡༨

༉ དབང་འདུས་ཕོ་བྲང་ རིན་ཆེན་སྒང་ལུ་ ནལ་གཟནམ་ཟེར་མི་བྱ་གིས་ བྱཱ་ལུ་གནོདཔ་བཀལ་ཏེ་ ལོ་དག་པ་ཅིག་འགྱོ་བའི་ཤུལ་ལུ་ མི་སེར་ཚུ་ ཉིན་མ་ཨིན་ཅི་མིན་ཅི་ བྱཱ་སྲུང་སྡོད་དགོ་པའི་གནས་སྟངས་ལུ་ ཐུག་སྟེ་འདུག

མི་ཚུ་གིས་སླབ་མི་ནང་ ད་རེས་ བྱཱ་ཧ་ལམ་ བསྡུ་རན་ཏེ་ཡོད་མི་དང་འབྲེལ་ བྱ་འདི་གིས་ བྱཱ་གི་མགུ་ཏོ་ཚུ་ག་ར་ བཞར་ཟ་དོ་ཡོདཔ་ལས་ དྲོ་པ་ཆུ་ཚོད་༦་ལས་རང་ ཞིང་ཁར་ཐོན་ཏེ་ བྱཱ་སྲོང་དགོཔ་ཐོནམ་མས་ཟེར་བཤད་ཅི།

འདི་འབདཝ་ལས་ རིན་ཆེན་སྒང་གི་མི་ཚུ་གིས་ ཨ་རྟག་འབད་བ་ཅིན་ ལོ་རེ་ནང་ ལྕང་ལཱ་ཚར་གཉིས་རེ་རྐྱབ་དོ་ཡོདཔ་ཨིན་རུང་ བྱ་འདི་ཚུ་གིས་གནོདཔ་བཀལ་ནི་འདི་གིས་ དུས་ཅི་ ལྕང་ལཱ་ལོག་རྐྱབ་ནི་གི་ཐད་ཁར་ དོགས་པ་སག་དགོཔ་ཐོན་ཏེ་འདུག

དེ་མ་ཚད་ བྱཱ་མ་སྲུང་པ་ཅིན་ ཡུདཔ་ཐེངས་ཅིག་ནང་རང་ བྱཱ་ག་ར་ཟ་དོ་ཡོདཔ་ལས་ ཁོང་ཆ་ཁྱབ་ ལཱ་གཞན་འབད་ནི་ལུ་ཡང་ ཐོ་ཕོག་སྟེ་ཡོད་ཟེར་ཨིན་མས།

རྒེད་འོག་དང་ སོ་ནམ་འགོ་དཔོན་ཚུ་གིས་ བྱཱ་ཞིང་འདི་ཚུ་ དྲྭ་མིག་གིས་ འགོར་བཞག་ནི་གི་རྩིས་རྐྱབ་ཡོདཔ་ཨིན་རུང་ ཕན་ཐོགས་ཅིག་འབྱུང་མ་ཚུགསཔ་ལས་ ཁོང་ཆ་ཁྱབ་ཀྱིས་ ད་རེས་ ཐབས་ལམ་གཞན་ཅིག་ བལྟ་བའི་བསྒང་རང་འདུག

ཨིན་རུང་ དབང་འདུས་ཕོ་བྲང་རྫོང་ཁག་ ཐེད་མཚོ་རྒེད་འོག་བདག་སྐྱོང་འགོ་དཔོན་ ཡོན་ཏན་རྒྱ་མཚོ་གིས་སླབ་མི་ནང་ ལུང་ཕྱོགས་འདི་ནང་གི་ མི་སེར་ཆ་མཉམ་གིས་རང་ བྱཱ་ལཱ་ཚར་༢་རེ་འབད་བ་ཅིན་ བྱ་འདི་ཚུ་ བགོ་བཀྲམ་འབད་དེ་ འགྱོ་ནི་ཨིནམ་ལས་ གནོད་པ་ཡང་ མར་ཕབ་འགྱོ་འོང་ ཟེར་བཤད་ཅི།

རིན་ཆེན་སྒང་ལུ་ ལོ་རེ་གི་ནང་ལུ་ ལྕང་ལཱ་ཚར་གཉིས་རེ་རྐྱབ་ནི་འདི་ སྤྱི་ལོ་༢༠༡༣་ལས་འགོ་བཙུགས་ནུག