གཟའ་ལྷག་པ། ༢༠༡༨ ཟླ་༡༠ པའི་སྤྱི་ཚེས་༢༣

ས་ཞིང་ཨེ་ཀར་༡༧༠༠ ཐཝ་སྦེ་བཞག་ཏེ་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༡༥ ༢༠༡༨

༉ ཀྲོང་གསར་ལུ་ མི་ཚུ་ གྲོང་གསེབ་ལས་ཁྲོམ་ཁ་ལུ་ གནས་སྤོ་འགྱོ་མི་དང་ ལོ་ཐོག་ཚུ་ རི་དྭགས་སེམས་ཅན་གྱིས་ གནོདཔ་བཀལ་ནི་ དེ་ལས་ ལཱཔ་མ་ཐོབ་མི་གནད་དོན་ལས་བརྟེན་ཏེ་ ཟ་སྤྱོད་འབད་བཏུབ་མི་ ས་ཆ་ཨེ་ཀར་༡༧༠༠འདི་ ཐཝ་སྦེ་བཞག་སྟེ་འདུག

ཀྲོང་གསར་རྫོང་ཁག་ སོ་ནམ་ལས་ཚན་གྱི་ ཐོ་བཀོད་དང་འཁྲིལཔ་ད་ ཀྲོང་གསར་ལུ་ ཆུ་ཞིང་ཨེ་ཀར་༡༧༠༠ཡོད་ས་ལས་ ཨེ་ཀར་༥༠༠འདི་ ལཱ་མ་འབད་བར་ སྤང་སྦེ་བཞག་སྟེ་ ཡོདཔ་སྦེ་ཨིན་མས།

འདི་བཟུམ་སྦེ་ སྐམ་ཞིང་ཨེ་ཀར་ སྟོང་ཕྲག་༥ཡོད་ས་ལས་ ཨེ་ཀར་༡༢༠༠འདི་ ཟ་སྤྱོད་མ་འབད་བར་ འདུག་ཟེར་ཨིན་མས།

འདི་ལུ་ མི་སེར་ཚུ་གིས་སླབ་མི་ནང་ གཡུས་ཁ་ལུ་སྡོད་མི་མང་ཤོས་ཅིག་རང་ ལོ་ན་ཚོད་རྒས་མི་ཚུ་འབདཝ་ལས་ ལཱ་འབད་ནི་དང་ ལོ་ཐོག་སྲུང་ནི་འདི་ ཕར་རང་བཞག་ ཐ་ན་ ཁོང་རའི་ སྒོ་ནོར་སེམས་ཅན་ཚུ་ཡང་ འཚོ་མ་ཚུགས་མི་ལུ་བརྟེན་ཏེ་ ཨིན་ཟེར་བཤད་ཅི།

འདི་བཟུམ་སྦེ་ ས་ཞིང་ཟ་སྤྱོད་མ་འབད་བར་ བཞག་དགོ་པའི་ གནད་དོན་གཞན་མི་འདི་ ཞིང་ཆུའི་གཡུར་བ་མེད་མི་དང་ ས་ཆའི་གནས་སྟངས་ཚུ་ ལེགས་ཤོམ་མེད་ནི་འདི་གིས་ཡང་ཨིན་མས།

ཨིན་རུང་ རྫོང་ཁག་སོ་ནམ་ལས་ཚན་གྱིས་ ད་ལས་ཕར་ ས་ཞིང་ཐཝ་བཞག་ནང་ལུ་ ན་གཞོན་ཚུ་ལུ་ ཚོང་འབྲེལ་གྱི་དོན་ལུ་ སོ་ནམ་གྱི་ལཱ་ཚུ་འབད་ནི་ནང་ སེམས་ཤུགས་བྱིན་ནི་སྦེ་འདུག

ད་རེས་ ན་ཞགོན་གཅིག་གིས་ སྐོར་ཕུག་རྒེད་འོག་ནང་ལུ་ ཟ་སྤྱོད་མ་འབད་བར་བཞག་མི་ ས་ཞིང་ཨེ་ཀར་༢ཀྱི་ནང་ལུ་ ཚལ་ལུ་ལྡུམ་ར་བཟོ་ནི་གི་ལཱ་ཚུ་ འབད་ནི་འགོ་བཙུགས་ཏེ་འདུག