གཟའ་ལྷག་པ། ༢༠༡༨ ཟླ་༡༠ པའི་སྤྱི་ཚེས་༢༣

སྤ་རོ་ལུ་ རྐྱེན་ངན་འཛིན་སྐྱོང་གི་ སྦྱང་བ་ངོ་མ་འབད་ཡི།

སྤྱི་ཟླ་༦ པའི་ཚེས་ ༡༥ ༢༠༡༨

 

༉ སྤ་རོ་ལུ་ རྫོང་ཁག་དང་རྒེད་འོག་གི་ རྐྱེན་ངན་འཛིན་སྐྱོང་གི་འཆར་གཞི་ཚུ་ བརྟག་དཔྱད་དང་ལེགས་བཅོས་འབད་ནི་གི་དོན་ལུ་ ཁ་ཙ་ ས་ཡོམ་གྱི་རྐྱེན་ངན་འབྱུང་པ་ཅིན་ ག་དེ་སྦེ་འབདན་ན་ ངོ་མ་སྦེ་རང་ སྦྱང་བ་ཅིག་འབད་བལྟ་ཡི།

དྲོ་པ་ ཆུ་ཚོད་ཕྱེད་ད་༡༠་ལུ་ འགོ་དང་པ་ ཏིང་ཏིང་ཟེར་ ཉེན་བརྡ་བརྡུང་པའི་སྐབས་ལུ་ ཝ་ཆུ་འབྲིང་རིམ་སློབ་གྲྭ་འོག་མ་གིས་ ས་ཡོམ་ཤུགས་ཚད་མེག་ཎི་ཊུད་༦་དང་ཚག་༧་རྐྱབ་ཡོད་པའི་ སྣང་བ་ལུ་ སྦྱང་བ་ཚུ་འབད་ཡི།

དེ་བསྒང་ སློབ་དཔོན་དང་སློབ་ཕྲུག་ཆ་ཁྱབ་ ཉེན་སྲུང་དང་ལྡན་པའི་ས་སྒོ་ནང་ལུ་ འགྱོ་ཞིནམ་ལས་ མི་ག་དེ་ཅིག་འདུག་ག་ གྱངས་ཁ་རྐྱབ་སྟེ་ མ་ཚང་མི་ཚུ་འཚོལ་བཞིན་ན་ སྲོག་སྐྱབ་འབད་ཡི།

ད་རུང་ སྦྱང་བའི་ལས་རིམ་འདི་ནང་ལུ་ ཝང་ལྕང་རྒེད་འོག་གི་ མི་སེར་ཚུ་གིས་ཡང་ བཅའ་མར་གཏོགས་ཅི།

སྦྱང་བ་དེ་སྦེ་འབད་མི་འདི་ཡང་ ངོས་ལེན་དང་བརྡ་ལེན་ དེ་ལས་ མཉམ་འབྲེལ་གྱི་ ཐབས་ལམ་འདི་ཚུ་ བརྟག་ཞིབ་དང་ ཡར་དྲགས་བཏང་ནི་གི་ དོན་ལུ་ཨིན་མས།

གནོད་ཉེན་གྱི་བརྟག་ཞིབ་ཅིག་འགོ་འདྲེན་འཐབ་པའི་སྐབས་ལུ་ སྤ་རོ་རྫོང་ཁག་འདི་ རང་བཞིན་གྱི་རྐྱེན་ངན་གཞན་མི་ཚུ་ལས་འདི་ ས་ཡོམ་གྱི་ ཉེན་ཁ་སྦོམ་སྦེ་རང་ཡོདཔ་སྦེ་ གསལ་སྟོན་འབྱུང་ནུག

ཨིན་རུང་ སྦྱང་བ་ཚུ་འབད་ཚར་བའི་ཤུལ་ རྫོང་ཁག་དང་རྒེད་འོག་རྐྱེན་ངན་འཛིན་སྐྱོང་སྡེ་ཚན་གྱིས་ མེ་གསད་མི་དང་ སྨན་བཅོས་འབད་མི་ དེ་ལས་ བརྡ་ལེན་འབད་ནི་ཚུ་གི་སྐོར་ལས་ གྲོས་བསྡུར་འབད་ཡི།

སྤ་རོ་རྫོང་རྫོང་རབ་ ཀུན་ལེགས་རྒྱལ་ཚན་གྱིས་སླབ་མི་ནང་ སྦྱང་བ་འབད་མི་ནང་ལས་ འཆར་སྣང་འབྱུང་མི་གི་ ལཱ་ཚུ་འབད་དེ་ ཅ་ཆས་ཀྱི་ སྒྲ་སྒྲིག་ཚུ་འབད་དགོཔ་འདུག་ཟེར་བཤད་ཅི།

འཆར་གཞི་འདི་ནང་ལུ་ སྟབས་མ་བདེཝ་ག་ནི་ཡང་མེད་རུང་ རྐྱེན་ངན་ཚུ་འབྱུང་པའི་སྐབས་ལུ་ གདོང་ལེན་འབད་ནི་གི་དོན་ལུ་ མི་དང་འཕྲུལ་ཆས་ ལེ་ཤ་དགོཔ་ཡོདཔ་སྦེ་ཨིན་མས།