གཟའ་ཕུར་བུ། ༢༠༡༨ ཟླ་༦ པའི་སྤྱི་ཚེས་༢༠

གཞུང་ལས་མི་སེར་ལུ་ཟེར་མི་ ཞབས་ཏོག་༦་འགོ་འབྱེད།

སྤྱི་ཟླ་༦ པའི་ཚེས་ ༡༥ ༢༠༡༨

 

༉ རྒྱལ་ཁབ་ནང་ལུ་ མི་དམངས་ཀྱི་ཞབས་ཏོག་ཚུ་ ཡར་དྲག་བཏང་ནི་དོན་ལུ་ ད་རིས་ གཞུང་ལས་མི་སེར་ལུ་ཟེར་བའི་ཞབས་ཏོག་གིས་ ཡོངས་འབྲེལ་ཐོག་གི་ ཞབས་ཏོག་༦་འགོ་འབྱེད་འབད་ཡི།

ཞབས་ཏོག་ཚུ་ཡང་ སྨན་རིགས་རྒྱུན་བཀོད་དབང་འཛིན་དང་ སྒོ་ནོར་ལས་ཁུངས་ དེ་ལས་ བཟོ་སྒྲུན་གོང་འཕེལ་བཀོད་ཚོགས་དང་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་ འདི་བཟུམ་སྦེ་ བཟོ་རིག་ལས་ཁུངས་ཀྱི་ ཞབས་ཏོག་མ་འདྲཝ་ཚུ་ཨིན་མས།

ཞབས་ཏོག་འདི་ཚུ་ཡང་ ཧེ་མ་ལས་ཡོད་པའི་ ཡོངས་འབྲེལ་ཐོག་གི་ཞབས་ཏོག་ བརྒྱ་ལྷགཔ་ཅིག་གི་ ཁ་སྐོང་སྦེ་ཨིན་མས།

ད་རེས་ གསར་སྟོན་འབད་མི་འདི་གིས་ གཞུང་ལས་མི་སེར་ལུ་ཟེར་བའི་ ཞབས་ཏོག་བཟོ་ནི་འདི་ གོ་རིམ་འཇུག་ཅིག་ཨིནམ་མས།

ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་གསུང་མི་ནང་ ཡོངས་འབྲེལ་གྱི་ཞབས་ཏོག་ཚུ་ཡང་ མི་སེར་ཚུ་གིས་ ཞབས་ཏོག་ཚུ་འཇམ་ཏོང་ཏོ་སྦེ་ ཐོབ་ཚུགསཔ་བཟོ་ནི་དང་ གཙུག་སྡེ་ཚུ་གི་འགན་འཁྲི་ ཡོདཔ་ངེས་བདེན་བཟོ་ནི་ དེ་ལས་ དུས་ཚོད་འཕྲོ་བརླག་བཏང་ནི་ལས་ མར་ཕབ་འབད་ཐབས་ལུ་དམིགས་ཏེ་ ཨིན་ཟེར་གསུང་ཡི།

 འདི་འབདཝ་ལས་ མཐུན་རྐྱེན་འདི་ཚུ་ལས་བརྟེན་ཏེ་ ཁྲིམས་སྲུང་དང་རྩིས་ཞིབ་ཉོག་མེད་ལག་འཁྱེར་ དེ་ལས་ ཆོག་ཐམ་ཚུ་ལེན་ནི་གི་དོན་ལུ་ ཧེ་མ་ བདུན་ཕྲག་སྦེ་ འགོར་དོ་ཡོད་མི་འདི་ དུས་ཡུན་ མཐུང་ཀུ་ཅིག་ནང་རང་ འབད་ཚུགས་པའི་ ཁེ་ཕན་ཡོདཔ་སྦེ་ཨིན་མས།

 གཞུང་ལས་མི་སེར་ལུ་ཟེར་བའི་ཞབས་ཏོག་གིས་ ཡོངས་འབྲེལ་ཐོག་གི་ཞབས་ཏོག་ཚུ་ སྤྱི་ལོ་༢༠༡༤ལས་ཚུར་ བྱིན་ནི་འགོ་བཙུགས་ཏེ་འདུག