འཛམ་གླིང་ཁྲག་ཞལ་འདེབས་འབྱིན་མི་གི་ ཉིནམ་བརྩི་སྲུང་། - འབྲུག༌རྒྱང༌བསྒྲགས། | འབྲུག༌རྒྱང༌བསྒྲགས།
གཟའ་སྤེན་པ། ༢༠༡༨ ཟླ་༨ པའི་སྤྱི་ཚེས་༡༧

འཛམ་གླིང་ཁྲག་ཞལ་འདེབས་འབྱིན་མི་གི་ ཉིནམ་བརྩི་སྲུང་།

སྤྱི་ཟླ་༦ པའི་ཚེས་ ༡༥ ༢༠༡༨

༉ གསོ་བའི་ལྷན་ཁག་གིས་ ད་རིས་ ཐིམ་ཕུག་ལུ་ འཛམ་གླིང་ཁྲག་ཞལ་འདེབས་འབྱིན་མི་གི་ཉིནམ་ བརྩི་སྲུང་འབད་མི་དང་འབྲེལ་ བྷུ་ཊན་བྷཊ་ཕཱོར་ལཕ་ཟེར་མི་ འགྲུལ་འཕྲིན་གྱི་རིམ་ལུགས་ཅིག་ གསར་བཏོན་འབད་ཡི།

རིམ་ལུགས་འདི་གིས་ འབྲུག་མི་ཚུ་གིས་ འགྲུལ་འཕྲིན་གྱི་ རིམ་ལུགས་འདི་ལས་བརྟེན་ཏེ་ མི་ཚུ་གིས་ ཁྲག་གི་ཞལ་འདེབས་ཀྱི་དོན་ལུ་ ཞུ་བ་ཚུ་འབད་དེ་ ཁྲག་གི་སྡེ་ཚན་དང་འཁྲིལ་ཏེ་ ཞལ་འདེབས་ཚུ་ ཐོབ་ཚུགས་ནི་ཨིན་མས།

ད་རུང་ རིམ་ལུགས་འདི་གིས་ ཁྲག་ཞལ་དེབས་འབྱིན་ནི་གི་དོན་ལས་ སྨན་ཁང་དང་ཅིག་ཁར་ དུས་སྟབས་བཟོ་ནི་ནང་ལུ་ཡང་ ཕན་ཐོགས་འབྱུང་ནི་ཨིན་མས།

རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལས་ ལས་ཁུངས་ཀྱི་འགོ་འཛིན་པ་ མྷ་རུཀ་རྒྱལ་མཚན་གིས་སླབ་མི་ནང་ མཐུན་རྐྱེན་འདི་གིས་ གློ་འབུར་དང་རྐྱེན་ངན་ཚུ་གི་སྐབས་ལུ་ ཁྲག་ལེ་ཤ་སྦེ་དགོཔ་ཐོན་པའི་སྐབས་ མི་ཚུ་ལུ་ བརྡ་དོན་ཚུ་འབྱིན་ཏེ་ ཞལ་འདེབས་འབད་བར་འབོ་ནི་ནང་ ཕན་ཐོགས་འབྱུང་འོང་ཟེར་བཤད་ཅི།

ད་རུང་ ཁྲག་ཞལ་འདེབས་འབྱིན་པ་ཅིན་ འདི་གིས་ ཕར་ལོག་མ་ སྲོག་སྐྱབས་འབད་ཚུགས་མི་གི་མ་དོ་བར་ ཁྲག་འབྱིན་མི་ཁོ་རའི་འཕྲོད་བསྟེན་ལུ་ཡང་ ཕན་ཐོགས་ཡོདཔ་སྦེ་ཨིན་མས།

ཉིནམ་བརྩི་སྲུང་འབད་མི་དང་འབྲེལ་ ཁྲག་ཞལ་འདེབས་འབྱིན་མི་ཚུ་གིས་སླབ་མི་ནང་ ཁྲག་འདི་ཚུ་ འཕྲོ་མཐུད་དེ་རང་ ཞལ་འདེབས་འབྱིན་ནི་གི་སེམས་ཤུགས་ཐོབ་མི་དང་ འདི་གི་ཕན་པ་ཚུ་གིས་སྐོར་ལས་ ཧ་གོ་ཡི་ཟེར་བཤད་ཅི།

ད་ལྟོ་ཚུན་ རྒྱལ་ཁབ་ནང་ལུ་ ཁས་བླངས་ཀྱི་ཐོག་ལས་ ཁྲག་གི་ཞལ་འདེབས་འབྱིན་མི་འདི་ མི་བརྒྱ་ཆ་༧༠་དེ་ཅིག་ལས་བརྒལ་ མེདཔ་སྦེ་ཨིན་མས།

ཨིན་རུང་ གསོ་བའི་ལྷན་ཁག་གིས་ སྤྱི་ལོ་༢༠༢༠་གི་ནང་འཁོད་ ཁས་བླངས་ཀྱི་སྒོ་ལས་ ཁྲག་འབྱིན་མི་འདི་ བརྒྱ་ལས་བརྒྱ་སྦེ་རང་ གྲུབ་ཚུགས་པའི་ དམིགས་གཏད་སྐྱེད་དེ་འདུག