གཟའ་མིག་དམར། ༢༠༡༩ ཟླ་༥ པའི་སྤྱི་ཚེས་༢༠

ཐིམ་ཕུག་ཁྲོམ་སྡེ་ནང་ གནས་སྐབས་ཀྱི་ལཱ་གཡོག་འབད་མི་ མང་ཤོས་ཅིག་རང་ སེམས་དང་མ་ལྡན་པར་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༡༤ ༢༠༡༨

༉ ཐིམ་ཕུག་ཁྲོམ་སྡེ་ནང་ གནས་སྐབས་ཀྱི་ཐོག་ལུ་ ལཱ་འབད་དེ་སྡོད་མི་ མང་ཤོས་ཅིག་རང་ སེམས་དང་མ་ལྡན་པར་འདུག

འདི་ཡང་ ཁོང་ཆ་ཁྱབ་ལཱ་འབད་དེ་ ལོ་མང་རབས་ཅིག་རང་འགྱོ་སྟེ་ཡོད་རུང་ གཏན་འཇགས་ཀྱི་ལཱ་གཡོག་གྲངས་སུ་ མ་ཚུད་པར་ཡོད་ནི་འདི་གིས་ཨིན་མས།

གནས་སྐབས་ཀྱི་ལཱ་གཡོག་འབད་མི་ཚུ་ལུ་ ཟླ་རིམ་གྱི་དངུལ་ཕོགས་འདི་རང་མ་གཏོགས་ གཞན་མི་ཁེ་འཐུས་དང་ དགོངས་ཞུའི་གསོལ་རས་ཀྱི་ཐོབ་ལམ་ཚུ་ ག་ནི་ཡང་མེདཔ་ཨིན་མས།

 ཐིམ་ཕུག་ཁྲོམ་སྡེ་གིས་ མི་༢༠༠ལྷགཔ་ཅིག་ གནས་སྐབས་ཀྱི་ལཱ་གཡོག་ནང་བཙུགས་ཏེ་ཡོདཔ་ད་ འདི་ཡང་ ཕྱགསམ་འཕྱག་མི་དང་ ལྡུམ་རའི་ལཱ་འབད་མི་ དེ་ལས་ གློག་མེ་དང་འཐུང་ཆུའི་སྤྱོད་ཚད་འཇལ་མི་དང་ གཞན་མི་འོང་འབབ་ཆུང་བའི་ ལཱ་འབད་མི་ཚུ་ཨིན་མས།

སྟེ་ ལས་མི་གཅིག་གིས་སླབ་མི་ནང་ གནད་དོན་འདི་གི་སྐོར་ལས་ ཁྲོམ་སྡེ་ལུ་ ཞུ་བ་ཚར་ལེ་ཤ་ཅིག་རང་ འབད་ཡོདཔ་ཨིན་རུང་ ཐབས་ལམ་ཅིག་ ག་ནི་ཡང་བཏོན་མ་བཏུབ་ཟེར་བཤད་ཅི།

འདི་ལུ་ ཁྲོམ་དཔོན་ཀུན་ལེགས་རྡོ་རྗེ་གིས་བཀོད་མི་ནང་ གནས་སྐབས་ཀྱི་ལཱ་གཡོག་འབད་མི་ཚུ་ལུ་ ད་ལྟོ་ཚུན་ཚོད་ ཁེ་འཐུས་ག་ནི་ཡང་ བྱིན་མ་ཚུགས་མི་འདི་ ཁོང་ཆ་ཁྱབ་ དེ་བསྒང་ ཡིག་ཚང་ནང་འཛུལ་བའི་སྐབས་ ཡིག་ཆ་ཚུ་ག་ནི་ཡང་ མ་སྤྲོད་པར་ཡོད་མི་ལུ་བརྟེན་ཏེ་ ཨིན་ཟེར་བཤད་ཅི།

ད་རུང་ ཁྲོམ་དཔོན་གྱིས་སླབ་མི་ནང་ ཁྲོམ་སྡེའི་ཁ་ཐུག་ལས་ ཁོང་ཆ་ཁྱབ་ ཁག་འབགཔ་གི་ཐོག་ལུ་བཙུགས་ནི་སྦེ་ འཆར་གཞི་བརྩམ་པའི་བསྒང་རང་ཡོད་ཟེར་ཨིནམ་ད་ འདི་ནང་ལུ་ ལཱ་ལེགས་ཤོམ་སྦེ་འབད་མི་ཚུ་རྐྱངམ་ཅིག་ གདམ་འཐུ་འབད་འོང་ཟེར་ཨིན་མས།

ལཱ་གཡོག་ལྷན་ཁག་གིས་འབད་བ་ཅིན་ ལས་མི་ག་བཟུམ་ཅིག་རང་འབད་རུང་ ལོ་གཅིག་ལས་ལྷག་སྟེ་ ལཱ་འབད་དེ་ཡོད་པ་ཅིན་ ཁེ་འཐུས་ཚུ་ཐོབ་ཐངས་ཡོད་ཟེར་ཨིན་མས།