གཟའ་མིག་དམར། ༢༠༡༨ ཟླ་༡༠ པའི་སྤྱི་ཚེས་༢༢

ཕྱགས་སྙིགས་ཚུ་ ལོག་ལག་ལེན་འཐབ་པ་ཅིན་ འོང་འབབ་ཀྱི་འཐོན་ཁུངས་ཅིག་སྦེ་ འོང་ནི་ཨིནམ།

སྤྱི་ཟླ་༦ པའི་ཚེས་ ༡༤ ༢༠༡༨

༉ ཕྱགས་སྙིགས་ཚུ་གིས་ ཅ་ཆས་མ་འདྲཝ་བཟོ་ནི་གི་རིག་རྩལ་ཡོད་པ་ཅིན་ ཕྱགས་སྙིགས་འདི་ འོང་འབབ་ཀྱི་འཐོན་ཁུངས་ཅིག་སྦེ་ འོང་ནི་ཨིན་མས།

འདི་འབདཝ་ལས་ ཐིམ་ཕུག་ལུ་སྦེ་ ཁྲིམས་སྲུང་འགག་པའི་ཨམ་སྲུ་༢༡ལུ་ ཕྱགས་སྙིགས་ཚུ་ལས་བརྟེན་ཏེ་ ཅ་ལ་མ་འདྲཝ་བཟོ་ནི་གི་རིག་རྩལ་ཚུ་ སྟོན་འབྱིན་པའི་བསྒང་རང་འདུག

ཁོང་ཨམ་སྲུ་ཆ་ཁྱབ་ཀྱིས་ ཕྱགས་སྙིགས་ཚུ་བསྡུ་སྟེ་ ཆུ་འཁྱུ་བཞིན་ན་ ཆེ་ཆུང་མ་འདྲཝ་སྦེ་བཏོག་སྟེ་ དོ་ཕད་དང་ལག་གཟེམ་ དེ་ལས་ ལེབ་ཊོབ་ཀྱི་ཕད་ཅུང་ཚུ་བཟོ་དོ་ཡོདཔ་ཨིན་མས།

སྦྱོང་བརྡར་འདི་ནང་ བཅའ་མར་གཏོགས་མི་ཚུ་གིས་སླབ་མི་ནང་ ཕྱགས་སྙིགས་ཚུ་ལས་བརྟེན་ཏེ་ འོང་འབབ་བཟོ་ཐངས་ཀྱི་སྐོར་ལས་ རིག་རྩལ་ཚུ་ཐོབ་དོ་ཡོདཔ་ལས་ སྦྱོར་བརྡར་འདི་ ཕན་ཐོགས་ཅན་ཅིག་འདུག་ཟེར་བཤད་ཅི།

སྦྱོང་བརྡར་ལས་རི་མ་འདི་ཡང་ ངོ་མ་རང་ མི་ཚུ་ལུ་ ཕྱགས་སྙིགས་ཚུ་ ལེགས་ཞིམ་སྦེ་ལག་ལེན་འཐབ་དགོཔ་ ཁག་ཆེ་བའི་སྐོར་ལས་ ཤེས་ཡོན་སྤེལ་ཐབས་ལུ་དམིགས་ཏེ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ ལས་རིམ་འདི་ལས་བརྟེན་ཏེ་ ཕྱགས་སྙིགས་ཚུ་ལོག་ལག་ལེན་འཐབ་དགོཔ་ ཁག་ཆེ་བའི་སྐོར་ལས་ཡང་ གོ་བ་བརྡ་སྤྲོད་འབད་ནི་ནང་ ལྷན་ཐབས་འབྱུང་ནི་ཨིན་མས།

 ད་རུང་ མི་དམངས་ཀྱིས་ ཕྱགས་སྙིགས་ལུ་བརྩི་མཐོང་བསྐྱེད་བཅུག་ནི་ནང་ སེམས་ཤུགས་བྱིན་ནི་གི་དོན་ལུ་ ཐིམ་ཕུག་ཁྲོམ་སྡེ་གིས་ ཕྱགས་སྙིགས་ཚུ་བཙོང་ནི་གི་ས་སྒོ་ཚུ་ཡང་ བྱིན་དོ་ཡོདཔ་ཨིན་མས།

ཁོང་ཆ་ཁྱབ་ཀྱིས་ ཕྱགས་སྙིགས་ཀྱི་སྤུས་ཚད་དང་འཁྲིལ་ཏེ་ ཆུ་ཤོག་གི་ཕྱགས་སྙིགས་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༠དང་༡༥གི་བར་ན་ སྤྲོད་དོ་ཡོདཔ་ཨིན་མས།

ཐིམ་ཕུག་ཁྲོམ་སྡེ་གི་མཐའ་འཁོར་འགོ་དཔོན་ ཚེ་རིང་དབྱངས་འཛོམས་ཀྱིས་སླབ་མི་ནང་ ཁྲོམ་སྡེའི་ཁ་ཐུག་ལས་ ཐབ་ཚང་ནང་ལས་ཐོན་པའི་ རུལ་བཏུབ་པའི་ཕྱགས་སྙིགས་ཚུ་གིས་ རང་བཞིན་གྱི་ལུད་བཟོ་དགོ་པའི་སྐོར་ལས་ཡང་ སེམས་ཤུགས་ཚུ་ བྱིན་དོ་ཟེར་བཤད་ཅི།

སྦྱོང་བརྡར་འདི་ མ་འོངས་པའི་ནང་ལུ་ དམག་སྡེ་གི་ཨམ་སྲུ་དང་ན་གཞོན་ཚུ་ལུ་ཡང་ བྱིན་ནི་གི་ལས་རིམ་འདུག

ཉིནམ་༡༠གྱི་སྦྱོང་བརྡར་ལས་རིམ་འདི་ཡང་ ཁ་ཙ་ལས་ འགོ་བཙུགས་ཡོདཔ་ད་ ལས་རིམ་འདི་ འབྲུག་ལུ་ཡོད་པའི་ཧེལ་བི་ཊསི་གིས་ མ་དངུལ་རྒྱབ་སྦྱོར་འབད་དེ་ ཀིལིན་བྷུ་ཊན་གྱིས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་མས།