གཟའ་ཕུར་བུ། ༢༠༡༨ ཟླ་༦ པའི་སྤྱི་ཚེས་༢༠

སུ་ཀྀ་ཊི་གཙང་ཆུ་གུ་ལས་ ཟམ་རྐྱབ་ནི་གི་ལཱ་འདི་ ད་རེས་ཀྱི་བདུན་ཕྲག་ནང་ མཇུག་བསྡུ་ནི་ཨིནམ།

སྤྱི་ཟླ་༦ པའི་ཚེས་ ༡༤ ༢༠༡༨

༉ བསམ་རྩེ་རྫོང་ཁག་འོག་གི་ བསམ་རྩེ་དང་ཕུན་ཚོགས་དཔལ་རི་རྒེད་འོག་གཉིས་ཀྱིས་ མགྱོགས་པ་རང་ སུ་ཀྀ་ཊི་གཙང་ཆུ་གུ་ལས་ སྣུམ་འཁོར་ཐལ་བའི་ཟམ་ཅིག་ ཐོབ་ནི་ཨིན་མས།

གཟའ་ཉིམ་གི་ནང་འཁོད་ རྐྱབ་ཚར་ནི་ཨིན་མི་ཟམ་འདི་ ད་རེས་ བདེ་སྲུངཔ་དང་དམག་མི་ དེ་ལས་ ས་གནས་ཀྱི་འགོ་དཔོན་ཚུ་རྩིས་ཏེ་ སྡེ་ཚན་ཅིག་གིས་ རྐྱབ་པའི་བསྒང་རང་འདུག

སྡེ་ཚན་འདི་གིས་ ཟམ་རྐྱབ་ནི་གི་ལཱ་འདི་ཡང་ ཉིནམ་རེ་ནང་ ཡུདཔ་ཅིག་ དུས་ཡུན་ཆུ་ཚོད་༡༠གྱི་རྩིས་ འབད་དོ་ཡོདཔ་སྦེ་ཨིན་མས།

ཁོང་ཆ་ཁྱབ་ཀྱིས་སླབ་མི་ནང་ ཟམ་དེ་སྦེ་རྐྱབ་མི་འདི་གིས་ ས་གནས་ཀྱི་མི་ཚུ་ལུ་ མགྱོགས་པ་རང་སྣུམ་འཁོར་ཐལ་བའི་ཟམ་ཅིག་ ཐོབ་ཚུགས་པའི་ཁར་ ཁོང་ལུ་ཡང་ སྦྱང་བ་ཚུ་ཐོབ་ཅི་ཟེར་བཤད་ཅི།

འདི་ཡང་ ཁོང་གིས་འབད་བ་ཅིན་ ཟམ་རྐྱབ་ནི་གི་ལཱ་འབད་མི་འདི་གིས་ ཁོང་རའི་མི་ཚེ་ནང་ ས་ཆའི་གནས་སྟངས་དང་བསྟུན་ཏེ་ ཟམ་རྐྱབ་ཐངས་དང་ཟམ་གྱི་ཆ་ཤས་ཚུ་ མཐུད་འབྲེལ་འབད་ཐངས་ཀྱི་ རིག་རྩལ་ཚུ་ཐོབ་ཅི་ཟེར་ཨིན་མས།

ལམ་སེལ་ལས་ཁུངས་ནང་ལས་ བཟོ་རིག་གཙོ་འཛིན་འགོ་དཔོན་ ཀརྨ་དབང་འདུས་ཀྱིས་སླབ་མི་ནང་ དེ་སྦེ་ཟམ་རྐྱབ་ནི་གི་ལས་རིམ་ འགོ་འདྲེན་འཐབ་མི་འདི་གིས་ གློ་འབུར་གྱི་རྐྱེན་ངན་ཚུ་བྱུང་པའི་སྐབས་ འདི་བཟུམ་གྱི་ཟམ་རྐྱབ་དགོཔ་རེ་འཐོན་པ་ཅིན་ ཆ་རོགས་འབད་ནི་ནང་ ལྷན་ཐབས་འབྱུང་འོང་ཟེར་བཤད་ཅི།

ཟམ་འདི་གིས་ ཕུན་ཚོགས་དཔལ་རི་རྒེད་འོག་འདི་ བསམ་རྩེ་རྫོང་ཁག་ལྟེ་བ་དང་ མཐུད་འབྲེལ་འབད་ཚུགས་ནི་ཨིནམ་ལས་ མི་ཚུ་ རྒྱ་གར་བརྒྱུད་དེ་ རྒྱུན་འགྲུལ་འཐབ་དགོཔ་མི་འཐོན་ནི་ཨིན་མས།

རིང་ཚད་ཕིཊ་༡༦༠འབད་མི་ཟམ་རྐྱབ་ནི་གི་ལཱ་འདི་ཡང་ ན་ཧིང་ སྤྱི་ཟླ་༡༠པའི་ནང་ལས་ འགོ་བཙུགས་ཡོད་མི་དང་འབྲེལ་ ཟམ་འདི་ ཟླཝ་དྲུག་གི་ནང་འཁོད་ལུ་ རྐྱབ་ཚར་དགོཔ་སྦེ་སྡོད་ཡོདཔ་ཨིན་རུང་ འགོ་དཔོན་ཚུ་གིས་སླབ་མི་ནང་ ཟམ་རྐྱབ་ནི་གི་ཅ་ཆས་ཚུ་ དུས་ཚོད་ཁར་མ་ལྷོདཔ་ལས་ ཕྱི་སོང་ཡི་ཟེར་བཤད་ཅི།

ཟམ་འདི་ཡང་ ད་རེས་ཟླཝ་མཇུག་བསྡུ་ཁམས་ཅིག་ལས་ སྣུམ་འཁོར་རྒྱུན་འགྲུལ་གྱི་དོན་ལུ་ སྒོ་ཕྱི་ནི་གི་ལས་རིམ་འདུག