གཟའ་མིག་དམར། ༢༠༡༨ ཟླ་༡༠ པའི་སྤྱི་ཚེས་༢༢

འཛམ་གླིང་རྒྱལ་རྟགས་ཀྱི་རྐང་རྩེད་འགྲན་བསྡུར་གྱི་དོན་ལུ་ འབྲུག་མི་མང་ཤོས་ཅིག་རང་ སག་ལང་སྟེ་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༡༤ ༢༠༡༨

༉ སྤྱི་ལོ་༢༠༡༨ཀྱི་ འཛམ་གླིང་རྒྱལ་རྟགས་ཀྱི་ རྐང་རྩེད་འགྲན་བསྡུར་འདི་ ར་ཤི་ཡ་ལུ་སྦེ་ ནངས་པ་ལས་ འགོ་བཙུགས་ནི་ཨིན་མས།

ཟླཝ་གཅིག་དེ་ཅིག་གི་རིང་རྩེད་ནི་ཨིན་མི་ རྐང་རྩེད་འགྲན་བསྡུར་འདི་ བལྟ་ནི་གི་དོན་ལུ་ གཞན་མི་རྒྱལ་ཁབ་ཀྱི་མི་ཚུ་བཟུམ་སྦེ་རང་ འབྲུག་མི་ཚུ་ཡང་ སག་ལང་སྟེ་འདུག

ཐིམ་ཕུག་བཟུམ་ཅིག་ལུ་འབད་བ་ཅིན་ ཟ་ཁང་གི་ཇོ་བདག་ལ་ལུ་ཅིག་གིས་ ཁོང་རའི་ཟ་ཁང་ཚུ་ནང་འོང་མི་ཚུ་གིས་ འཛམ་གླིང་རྒྱལ་རྟགས་ཀྱི་རྐང་རྩེད་འགྲན་བསྡུར་འདི་ དངོས་མཐོང་སྦེ་བལྟ་བཅུག་ནི་གི་དོན་ལུ་ བཅའ་སྒྲིག་ཚུ་རྐྱབ་སྟེ་འདུག

འདི་ཡང་ ཁོང་ཆ་ཁྱབ་ཀྱིས་ རྐང་རྩེད་ལས་རིམ་འདི་བཏོན་ནི་གི་དོན་ལས་ པྲོ་ཇེག་ཊར་ཚུ་ བཙུགས་ཏེ་ཡོདཔ་མ་ཚད་ འགྲན་བསྡུར་འདི་ནང་ལུ་དོ་འགྲན་འབད་མི་ རྒྱལ་ཁབ་ཚུ་གི་རྒྱལ་དར་ཚུ་ཡང་ དཔྱང་སྟེ་ཡོདཔ་ཨིན་མས།

འཛམ་གླིང་རྒྱལ་རྟགས་ཀྱི་ལས་རིམ་གྱི་དོན་ལུ་ རྐང་རྩེད་ལུ་སྤྲོ་བ་ཡོད་མི་ཚུ་ སག་ལང་སྟེ་ཡོདཔ་ལས་ ནངས་པ་ཕྱི་རུ་ ཆུ་ཚོད་༩ནམ་བརྡུང་འོང་ག་ཟེར་ སྒུག་སྟེ་འདུག

སྤྱི་ལོ་༢༠༡༤གི་ འཛམ་གླིང་རྒྱལ་རྟགས་ཀྱི་རྐང་རྩེད་འགྲན་བསྡུར་འདི་ ཇར་མ་ནི་རྒྱལ་ཁབ་ཀྱིས་ རྒྱལ་ཁ་ཐོབ་སྟེ་ཡོདཔ་ད་ རྩེད་འགྲན་འདི་ཡང་ བྲ་ཟིལ་ལུ་སྦེ་ འགོ་འདྲེན་འཐབ་ནུག

འཛམ་གླིང་རྒྱལ་རྟགས་ཀྱི་རྐང་རྩེད་འགྲན་བསྡུར་འདི་ ཨ་རྟ་རང་ལོ་༤གི་རྒྱབ་ལས་ འགོ་འདྲེན་ཚར་རེ་འཐབ་དོ་ཡོདཔ་ད་ ད་ལྟོ་ཚུན་ཚོད་ལུ་ རྒྱལ་ཁ་མཐོ་ཤོས་རང་ བྲ་ཟིལ་རྒྱལ་ཁབ་ཀྱིས་ ཚར་༥ཐོབ་མི་འདི་ཨིན་མས།

འཛམ་གླིང་རྒྱལ་རྟགས་ཀྱི་རྐང་རྩེད་འགྲན་བསྡུར་ནང་ལུ་ འཛམ་གླིང་ནང་ལས་ རྒྱལ་ཁབ་༣༢ཀྱིས་ དོ་འགྲན་འབད་དོ་ཡོདཔ་ད་ འགྲན་བསྡུར་འགོ་དང་པ་འདི་རང་ ཡུ་རོ་གེ་ལུ་སྦེ་ སྤྱི་ལོ་༡༩༣༠ལུ་ འགོ་འདྲེན་འཐབ་ནུག