ཆུ་ཤོག་ལག་ལེན་འཐབ་ནི་ཚུ་ རྩ་མེད་བཏང་ནི་གི་ཐབས་ལམ། - འབྲུག༌རྒྱང༌བསྒྲགས། | འབྲུག༌རྒྱང༌བསྒྲགས།
གཟའ་སྤེན་པ། ༢༠༡༨ ཟླ་༨ པའི་སྤྱི་ཚེས་༡༧

ཆུ་ཤོག་ལག་ལེན་འཐབ་ནི་ཚུ་ རྩ་མེད་བཏང་ནི་གི་ཐབས་ལམ།

སྤྱི་ཟླ་༦ པའི་ཚེས་ ༡༣ ༢༠༡༨

 

༉ རྒྱལ་ཁབ་ནང་ལུ་ ཆུ་ཤོག་ལག་ལེན་འཐབ་ནི་དང་བཙོང་ནི་འདི་ བཀག་དམ་འབད་དེ་ཡོད་རུང་ ལེགས་ཤོམ་ཅིག་ འགྱོ་མ་བཏུབ་པར་ཡོདཔ་ཨིན།

ཨིན་རུང་ རྩི་རང་རྫོང་ཁག་གིས་ ཆུ་ཤོག་ལག་ལེན་འཐབ་ནི་འདི་ འགོ་ཐོག་ཚད་བཟོ་བཞིན་ན་ འགོར་ལས་སྦེ་ ལག་ལེན་འཐབ་ནི་རང་མེདཔ་སྦེ་ བཟོ་ནི་སྦེ་འདུག

ཆུ་ཤོག་ལག་ལེན་མར་ཕབ་འབད་ནི་གི་ ལས་རིམ་འདི་ཡང་ ཚོད་བསྲེ་ཚོང་ཁྲོམ་ཁ་ལུ་ ཆུ་ཤོག་གི་གནོད་པ་ཚུ་གི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་བཞིན་ན་ ལག་ལེན་འཐབ་ནི་འགོ་བཙུགས་ནུག

ཚོད་བསྲེ་བཙོང་མི་ཚུ་གིས་སླབ་མི་ནང་ ཚོང་ཉོ་མི་དག་པ་ཅིག་གིས་རང་ ཚོང་ཉོ་བར་འོང་པའི་སྐབས་ལུ་ ལྷོད་ག་ནི་ཡང་ མ་འབག་པར་ འོང་དོ་ཡོདཔ་ལས་ ཆུ་ཤོག་འགོཔ་སྦེ་ སླབ་དོ་ཡོདཔ་ལས་ ཆུ་ཤོག་བྱིན་ནི་ནང་ འཐུས་ཤོར་པ་ཅིན་ ཚོང་མ་ཉོ་བར་ འགྱོ་དོ་ཡོདཔ་ལས་ བྱིན་དགོཔ་རང་ འཐོན་མས་ཟེར་བཤད་ཅི།   

 ཨིན་རུང་ རྫོང་ཁག་གི་ མཐའ་འཁོར་འགོ་དཔོན་ རྡོ་རྗེ་དབང་འདུས་ཀྱིས་སླབ་མི་ནང་ ཟླཝ་༢་ཀྱི་རིང་ལུ་ ཁོང་ཆ་ཁྱབ་ཀྱིས་ མི་དམངས་དང་ ཚོད་བསྲེ་བཙོང་མི་༢་ཆ་ར་ལུ་ ཆུ་ཤོག་ལག་ལེན་འཐབ་མི་ཚུ་ མར་ཕབ་འབད་ནི་གི་ གོ་བ་བརྡ་སྤྲོད་འབད་ནི་ཟེར་བཤད་ཅི།

འདི་གི་ཤུལ་ལས་ རྒྱལ་ཁབ་ནང་ལུ་ ཆུ་ཤོག་བཀག་དམ་འབད་མི་དང་འཕྲིལ་ཏེ་ ཉེ་བྱུ་ཚུ་ཡང་ བཀལ་ནི་ཨིན་ཟེར་ཨིན་མས།

མི་ཚུ་ལུ་ ཆུ་ཤོག་ལག་ལེན་འཐབ་ནི་ལས་ འཛེམ་དགོ་པའི་སྐོར་ལས་ བརྡ་བྱང་ཚུ་ནང་ཡང་ བྲིས་ཏེ་འདུག

ཚོད་བསྲེ་ཁྲོམ་ཁ་ལུ་ མཐའ་འཁོར་དང་མཐུན་པའི་དོ་ཕད་ ཡར་དྲག་བཏང་ནི་དང་ བཀྲམ་སྤེལ་འབད་ནི་ གི་དོན་ལུ་ ས་སྒོ་ཅིག་ཡང་ སྒོ་ཕྱི་ནི་ཨིན་མས།

ད་རུང་ རྫོང་ཁག་གི་ཁ་ཐུག་ལས་ ཆུ་ཤོག་གི་དམ་སྦྱིས་ཚུ་ མར་ཕབ་འབད་ནི་གི་དོན་ལུ་ ཆུ་བཙག་བཙགཔ་ཚུ་ འཐུང་དགོ་པའི་ སེམས་ཤུགས་བྱིན་ནི་སྦེ་འདུག

འདི་བཟུམ་སྦེ་ ཨོམ་ཉོ་བར་འོང་པའི་སྐབས་ལུ་ཡང་ མི་ཚུ་གིས་ ཁོང་རའི་དམ་སྦྱིས་ཚུ་རང་ འབག་འོང་དགོཔ་སྦེ་སླབ་ནི་ཨིན་མས།

དེ་མ་ཚད་ རང་ལུགས་ཀྱི་ཕོརཔ་དང་བང་ཅུང་ཚུ་ ལག་ལེན་འཐབ་ནི་ལུ་ སེམས་ཤུགས་འབྱིན་ཏེ་ མར་དང་དར་ཚིལ་སྤུར་ནི་གི་དོན་ལུ་ ཆུ་ཤོག་གི་ཚབ་ལུ་ ངང་ལག་གི་ཤོམ་འདབ་ཚུ་ ལག་ལེན་འཐབ་་བཅུག་ནི་ཨིན་མས།