གཟའ་ཕུར་བུ། ༢༠༡༨ ཟླ་༦ པའི་སྤྱི་ཚེས་༢༠

འོབ་ཐང་སྒོ་ནོར་གསོ་སྐྱོང་ཁང་འདི་ ལོག་འགོ་བཙུགས་ནུག

སྤྱི་ཟླ་༦ པའི་ཚེས་ ༡༣ ༢༠༡༨

 

༉ བུམ་ཐང་ སྟང་རྒེད་འོག་ནང་ལུ་ ཡུདཔ་ཅིག་ ལོ་ངོ་བཅུག་ཕྲག་༡་དེ་ཅིག་ གཡོག་བཀོལ་མ་ཚུགས་པར་ལུས་མི ཡོངས་གྲགས་ལུ་ འོབ་ཐང་སྒོ་ནོར་གསོ་སྐྱོང་ཁང་ཟེར་མི་ སྟང་མི་སྡེ་ཕན་བདེ་ཚོགས་པའི་ སྒོ་ནོར་གསོ་སྐྱོང་ཁང་འདི་ ད་རེས་ ལོག་སྟེ་རང་ ལག་ལེན་འཐབ་ནི་འགོ་བཙུགས་ཏེ་འདུག

སྒོ་ནོར་གསོ་སྐྱོང་ཁང་འདི་ སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ སྤྱི་ལོ་༢༠༠༩་ལས་༢༠༡༠་ཚུན་ ལེགས་ཤོམ་བཟོ་ནི་སྦེ་ རྩིས་ལེན་ཏེ་ཡོད་རུང་ ས་ཁ་མཐོ་ས་ལུ་ སྦལ་ལ་བའུ་ཅུང་གསོ་ནི་དང་ སྒོ་ནོར་ལུ་ གཅན་གཟན་གྱིས་ གསད་མི་ལུ་བརྟེན་ཏེ་ གདོང་ལེན་ཚུ་བྱུང་ནུག

གསོ་སྐྱོང་ཁང་འདི་ནང་ལུ་ ད་རེས་ ནོ་༦༩་ཡོད་ས་ལས་ མང་ཤོས་ཅིག་རང་ སྦལ་ལ་བ་ཚུ་ཨིནམ་ད་ སྦལ་ལ་བའུ་ཅུང་ག་ར་ ཕ་སོན་ཁབ་བཙུགས་ཏེ་ འཚར་ཡོདཔ་ཨིན་མས།

སྒོ་ནོར་གསོ་སྐྱོང་ཁང་འདི་གི་ འཛིན་སྐྱོང་པ་ ཆོས་སྙིད་རྡོ་རྗེ་གིས་སླབ་མི་ནང་ གནམ་གཤིས་སིལ་དྲག་ཡོད་པའི་ གནས་སྟངས་ནང་ལུ་ སྦལ་ལ་བའུ་ཅུང་གསོ་ནི་འདི་ ལཱ་ཁག་འདུག་ཟེར་བཤད་ཅི།

འདི་ཡང་ བའུ་ཅུང་ཚུ་ ལ་ཁ་མཐོ་ས་ལུ་ བཤལ་ནད་ཚུ་ འཇམ་ཏོང་ཏོ་སྦེ་ འཐོབ་དོ་ཡོདཔ་ལས་ ནད་འདི་འཐོབ་ཚར་བའི་ཤུལ་ལུ་ དྲགས་ཚུགས་པར་ ལཱ་ཁག་ཡོད་ནི་འདི་གི་ཨིན་མས།

ད་རུང་ འཛིན་སྐྱོང་པ་གིས་སླབ་མི་ནང་ གསོ་སྐྱོང་ཁང་འདི་ སྟང་ལས་ ཀི་ལོ་མི་ཀྲར་༡༥་དེ་ཅིག་གི་ས་ཁར་ ཆགས་ཏེ་ཡོདཔ་ལས་ ཕརཝ་གིས་ ནོར་སེམས་ཅན་ལུ་ གནོད་སྐྱོན་རྐྱབ་མས་ཟེར་བཤད་ཅི།

གསོ་སྐྱོང་ཁང་འདི་ནང་ ས་ཆ་ཨེ་ཀར་སྟོང་ཕྲག་༡་དང་༣༠༠་ལྷགཔ་ཅིག་ཡོད་ས་ལས་ ས་ཆ་ཨེ་ཀར་༡༢༠་མ་ལངམ་ཅིག་གི་ནང་ལུ་ རྩྭ་ཚུ་བཙུགས་ཏེ་ ཡོདཔ་ཨིན་མས།

སྒོ་ནོར་གསོ་སྐྱོང་ཁང་འདི་ འགོ་ཐོག་ ལོ་ངོ་༢༠་གི་ཧེ་མ་ སུ་ཝིཛ་གོང་འཕེལ་ལས་སྡེ་ཅིག་ཨིན་མི་ ཧེ་ཝི་ཊས་ཀྱིས་ གཞི་བཙུགས་འབད་ནུག

གསོ་སྐྱོང་ཁང་འདི་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ སྒོ་ནོར་གསོ་སྐྱོང་ཁང་དང་ས་ཆ་ཚུ་ སྟང་རྒེད་འོག་གི་ མི་སེར་ཚུ་གནང་ཡོདཔ་ཨིན་མས།

སྟང་མི་སྡེ་ཕན་བདེ་ཚོགས་པའི་ སྒོ་ནོར་གསོ་སྐྱོང་ཁང་ནང་ལུ་ ད་རེས་ འཐུས་མི་༢༨༠་ཡོདཔ་ད་ ཁོང་ཆ་ཁྱབ་ཀྱིས་ ཨོམ་བཙོང་སྟེ་ ཐོབ་མི་འོང་འབབ་ཚུ་ རྒེད་འོག་གི་རྩིས་ཁྲ་ནང་ལུ་ བཙུགསཔ་ཨིན་མས།

སྡེ་ཚན་འདི་ལུ་ སྟངས་རྒེད་འོག་གི་ སྒོ་ནོར་རྒྱ་སྐྱེད་ཡིག་ཚང་གིས་ རྩྭ་གི་སོན་དང་སྨན་བཅོས་ དེ་ལས་ རིགས་རྒྱུད་སྤེལ་ནི་གི་ལཱ་ཚུ་ནང་ རྒྱབ་སྐྱོར་འབདཝ་ཨིན་མས།