གཟའ་མིག་དམར། ༢༠༡༨ ཟླ་༡༠ པའི་སྤྱི་ཚེས་༢༢

ཆོག་ཐམ་གླ་ཁར་བྱིན་མི་ལུ་བརྟེན་ གཞུང་ལུ་ ཉེས་ཆད་བཏབ་དགོཔ།

སྤྱི་ཟླ་༦ པའི་ཚེས་ ༡༡ ༢༠༡༨

༉ ཕུན་ཚོགས་གླིང་དྲུང་ཁག་ཁྲིམས་ཀྱི་འདུས་ས་གི་ སྐྱེས་ལོ་༦༨་ལང་མི་ ཚོང་པ་ཅིག་ལུ་ ཁོ་རའི་ཚོང་གི་ཆོག་ཐམ་འདི་ རྒྱ་གར་གྱི་མི་ཁུངས་ཅིག་ལུ་ གླ་ཁར་འབྱིན་མི་ལུ་བརྟེན་ཏེ་ གཞུང་ལུ་ དངུལ་ཀྲམ་འབུམ་༢་བཏབ་དགོཔ་སྦེ་ འཁྲུན་ཆོད་བཏོན་ནུག

དངུལ་ཀྲམ་བཏབ་དགོ་མི་འདི་ཡང་ ཆོག་ཐམ་གླ་ཁར་འབྱིན་མི་གི་ ཁེ་ཕན་ལས་བརྟེན་ཏེ་ ཐོབ་མི་གི་བར་འཐུས་དང་ ཚོང་འབྲེལ་གྱི་ ལམ་ལུགས་ལས་འགལ་བའི་ ཉེས་ཆད་ཚུ་ཨིན་མས།

འདས་པའི་ཟླཝ་ནང་ལུ་ བཏོན་མི་འཁྲུན་ཆོད་དང་འཁྲིལཔ་ད་ ཁོ་རའི་ ཆོང་གི་ཆོག་ཐམ་༢པོ་འདི་ཡང་ ཆ་མེད་བཏང་དགོཔ་སྦེ་ཨིན་མས།

ངན་ལྷད་བཀག་བསྡོམ་ལྷན་ཚོགས་ཀྱི་ སྙན་ཞུ་དང་འཁྲིལཔ་ད་ ཚོང་པ་འདི་གིས་ ཚོང་གི་ཆོག་ཐམ་འདི་ཡང་ སྤྱི་ལོ་༢༠༡༡་ལས་༢༠༡༥་ཚུན་ཚོད་ཀྱི་བར་ན་ གླ་ཁར་འབྱིན་ཏེ་འདུག་ཟེར་ཨིན་མས།

འདི་འབདཝ་ལས་བརྟེན་ཏེ་ ཚོང་གི་ཆོག་ཐམ་འཆང་མི་ ཇོ་བདག་འདི་གིས་ ཚུལ་མིན་གྱི་ཁེ་འབབ་ དངུལ་ཀྲམ་འབུམ་༡་དང་ སྟོང་ཕྲག་༩༠་བཟོ་ནུག་ཟེར་ཨིན་མས།

ད་རུང་ འཁྲུན་ཆོད་འདི་དང་འཁྲིལཔ་ད་ དངུལ་ཀྲམ་ ས་ཡ་ཕྱེད་ད་༢་ལྷགཔ་ཅིག་ཡང་ གཞུང་བཞེས་འབད་ཡོདཔ་ད་ འདི་ཚུ་ཡང་ ཅ་ཆས་ཚུ་ རིན་བསྡུར་ཐོག་ལས་ བཙོང་བའི་མ་དངུལ་དང་ དངུལ་ཁང་༣་གྱི་ རྩིས་ཁྲ་ནང་ ཡོད་མི་དངུལ་ཀྲམ་ཚུ་ཨིན་མས།

མི་ངོམ་འདི་གིས་ འབྲུག་གི་ཚོང་ལཱ་དང་བཟོ་གྲྭའི་ལག་ལེན་ སྤྱིར་བཏང་ལམ་སྟོན་༡༩༩༧ཅན་མའི་དགོངས་དོན་ལས་འགལ་ནུག་ཟེར་ཨིན་མས།

འདི་བཟུམ་སྦེ་ བྱ་ངན་འདི་ལས་བརྟེན་ཏེ་ ཚོང་འབྲེལ་གྱི་ཁྱད་པར་ལུ་ ཐོ་ཕོག་སྟེ་ཡོདཔ་ལས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་སྲུང་སྐྱོབ་དང་ རྒྱལ་ཡོངས་ཀྱི་མཐའ་དོན་ དེ་ལས་ རྒྱལ་ཁབ་ཀྱི་ དམིགས་ཡུལ་གྲུབ་ནི་ཚུ་ནང་ལུ་ཡང་ གནོད་པ་འབྱུང་ནི་གི་ ཉེན་ཁ་ཡོདཔ་སྦེ་ མངོན་གསལ་བྱུང་ཡི་ཟེར་ཨིན་མས།

ད་རུང་ འཁྲུན་ཆོད་ནང་ལུ་ བཀོད་མི་དང་འཁྲིལཔ་ད་ ཆོག་ཐམ་གླ་ཁར་སྤྱོོད་དེ་ ཚོང་ཆས་ནང་འདྲེན་འབད་མི་འདི་ ཁྲིམས་ལུགས་ལས་འགལ་བ་ཨིནམ་ལས་ མ་འོངས་པའི་ནང་ལུ་ འདི་བཟུམ་གྱི་ གནད་དོན་ཚུ་ མི་འབྱུང་ནི་དོན་ལུ་ ཨིན་ཟེར་བཀོད་དེ་འདུག

ཨིན་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྒྱ་གར་གྱི་ཚོང་པ་འདི་ལས་ དངུལ་ཀྲམ་ས་ཡ་༡༣་ལྷགཔ་ཅིག་ཡང་ ཐོབ་བརྗོད་བཀོད་ཡོདཔ་ད་ གནད་དོན་འདི་གི་ཐད་ཁར་ དྲུང་ཁག་ཁྲིམས་ཀྱི་འདུན་ས་གིས་ ཕྱིར་འབུད་བཏང་སྟེ་ཡོདཔ་ཨིན་མས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་འབད་བ་ཅིན་ གནད་དོན་འདི་ རྒྱལ་ཁབ་ནང་ལུ་ རྒྱ་གར་གྱི་དངུལ་རུ་པི་མ་ལང་པའི་ དཀའ་ངལ་འཐོན་ཏེ་སྡོད་པའི་སྐབས་ལུ་ བྱུང་བྱུངམ་ཨིནམ་བརྟེན་ཏེ་ ཁོ་གིས་ ལོག་སྤྱོད་འབད་མིའི་རྒྱ་གར་གྱི་དངུལ་རུ་པི་གི་ཚབ་ཚུ་ སྐྱེད་དང་སྦྲགས་ ལོག་རྩིས་རྐྱབ་སྟེ་ལེན་དགོ་པའི་སྐོར་ལས་ འཐོབ་བརྗོད་བཀོད་ཡོདཔ་སྦེ་ཨིན་མས།