ལྷུན་རྩེ་ལུ་ ན་གཞོན་ཅིག་གི་ ཤ་མུ་གི་ཚོང་ལཱ། - འབྲུག༌རྒྱང༌བསྒྲགས། | འབྲུག༌རྒྱང༌བསྒྲགས།
གཟའ་སྤེན་པ། ༢༠༡༨ ཟླ་༨ པའི་སྤྱི་ཚེས་༡༧

ལྷུན་རྩེ་ལུ་ ན་གཞོན་ཅིག་གི་ ཤ་མུ་གི་ཚོང་ལཱ།

སྤྱི་ཟླ་༦ པའི་ཚེས་ ༥ ༢༠༡༨

༉ ལྷུན་རྩེ་ སྨིན་རྒྱས་རྒེད་འོག་གི་ ཝ་ཞིང་གཡུས་ཚན་ནང་ལས་ སྐྱེས་ལོ་༢༣་ལང་མི་ ཨྱོན་རྡོ་རྗེ་གིས་འབད་བ་ཅིན་ སོ་ནམ་གྱི་ནང་ལུ་ གོ་སྐབས་རང་ལེན་པ་ཅིན་ ལཱ་གཡོག་གི་གོ་སྐབས་འདི་ ལེ་ཤ་ཅིག་རང་འདུག་ཟེར་བཤད་ཅི།

ཨྱོན་རྡོ་རྗེ་འདི་ ད་རེས་ ཤ་མུ་གི་ལཱ་ལས་བརྟེན་ཏེ་ ཁོ་ར་གིས་ཁོ་ར་ལངམ་སྦེ་ སྡོད་ཚུགས་མི་ཅིག་ལུ་འགྱུར་ཏེ་འདུག

ཁོ་གིས་ ཤ་མུ་བཙུགས་ནི་གི་ལཱ་འདི་ཡང་ སྤྱི་ལོ་༢༠༡༦་ལུ་ ཆུ་ཁ་ལས་ ཁོ་རའི་ཆ་རོགས་ཅིག་ལུ་ ཤ་མུ་གི་ལཱ་འདི་ ཁེབ་ས་ཆེ་བའི་ཚོང་ལཱ་ཅིག་སྦེ་འགྱོ་བའི་ཤུལ་ལུ་ འགོ་བཙུགས་ནུག

ཨྱོན་རྡོ་རྗེ་གིས་ ཤ་མུ་བཙུགས་ནི་གི་ལཱ་འདི་ཡང་ མོང་སྒར་ལུ་ཡོད་པའི་ སོ་ནམ་ཞིབ་འཚོལ་དང་གོང་འཕེལ་ལྟེ་བ་ནང་ལས་ འཕྲུལ་རིག་གི་རྒྱབ་སྐྱོར་ལེན་ཞིན་ན་ འགོ་བཙུགས་ཡོདཔ་ཨིན་མས།

ཕྱོན་རྡོ་རྗེ་གིས་སླབ་མི་ནང་ ད་རེས་ ཁོ་ར་ ཤ་མུ་གི་ལཱ་ལེགས་ཤོམ་སྦེ་ འབད་ཚུགས་མི་ཅིག་ལུ་འགྱུར་ཏེ་ཡོད་རུང་ ལཱ་འབད་ནི་འགོ་བཙུགས་པའི་ནམ་དུས་ལུ་ གདོང་ལེན་ཚུ་ཡང་ བྱུང་ཡི་ཟེར་བཤད་ཅི།

ཁོ་གིས་ ཤ་མུ་གི་ལཱ་དེ་སྦེ་འབད་མི་འདི་གིས་ ཤ་མུ་ནང་འདྲེན་མར་ཕབ་འབད་ནི་ནང་ ལྷན་ཐབས་འབྱུང་མི་དང་འབྲེལ་ ཁོ་གིས་འབད་བ་ཅིན་ མི་ཚུ་གིས་ དཀར་ཟས་ལུ་ གཙོ་བོར་བསྟེན་དགོཔ་འདུག་ཟེར་བཤད་ཅི།

ཁོ་གིས་ ན་ཧིང་ལས་ ཤ་མུ་བཙོང་ནི་འགོ་བཙུགས་ཡོདཔ་ལས་ འོང་འབབ་དངུལ་ཀྲམ་ སྟོང་ཕྲག་༣༠་འཐོབ་ནུག

ཨྱོན་རྡོ་རྗེ་གིས་ ཤ་མུ་ཀེ་ཇི་རེ་ལུ་ དཔྱ་སྙོམས་ལས་ གོང་ཚད་དངུལ་ཀྲམ་༢༨༠་དེ་རེ་སྦེ་ བཙོང་དོ་ཡོདཔ་མ་ཚད་ མ་འོངས་པའི་ནང་ལུ་ ཚལ་ལུ་དང་ཧུམ་པ་གི་ལྕངམ་ཚུ་ཡང་ བཙུགས་ནི་གི་འཆར་གཞི་འདུག