བཙོག་རླུང་ཡར་སེང་འགྱོ་མི་འདི་ ཚ་གྱང་ཆེ་བའི་གནད་དོན། - འབྲུག༌རྒྱང༌བསྒྲགས། | འབྲུག༌རྒྱང༌བསྒྲགས།
གཟའ་ཉི་མ། ༢༠༡༨ ཟླ་༨ པའི་སྤྱི་ཚེས་༡༨

བཙོག་རླུང་ཡར་སེང་འགྱོ་མི་འདི་ ཚ་གྱང་ཆེ་བའི་གནད་དོན།

སྤྱི་ཟླ་༥ པའི་ཚེས་ ༡༨ ༢༠༡༨

༉ རྒྱལ་སྤྱི་གངས་ལྗོངས་གོང་འཕེལ་ལྟེ་བ་ནང་ལས་ མཚན་རིག་པ་ཅིག་གིས་འབད་བ་ཅིན་ འབྲུག་རྒྱལ་ཁབ་ནང་ལུ་ བཙོག་རླུང་ཡར་སེང་འགྱོ་མི་འདི་ ཚ་གྱང་ཆེ་བའི་ གནད་དོན་ཅིག་ལུ་ འགྱུར་ཏེ་འདུག་ཟེར་ཨིན་མས།

བཙོག་རླུང་འདི་ཡང་ ས་སྣུམ་དྲི་ཟིལ་ལས་བརྟེན་པའི་འཕྲུལ་ཆས་དང་ ནགས་ཚལ་མེ་རྐྱེན་ཤོར་མི་ཚུ་ལས་བརྟེན་ཏེ་ འཐོན་དོ་ཡོདཔ་ལས་ མི་དང་རང་བཞིན་གཉིས་ཆ་ར་གིས་འབད་ ཐོན་བཅུག་དོ་ཡོདཔ་སྦེ་བཤད་ཅི།

འབྲུག་ལུ་འབད་བ་ཅིན་ བཙོག་རླུང་ཡར་སེང་འགྱོ་མི་འདི་ ངོ་མ་རང་ བཟོ་གྲྭ་འཕྲུལ་ཁང་ ཡར་སེང་འགྱོ་མི་དང་ དྲི་ཟིལ་གྱི་སྣུམ་འཁོར་ ནང་འདྲེན་མང་སུ་སྦེ་འཐབ་མི་ དེ་ལས་ ནགས་ཚལ་མེ་རྐྱེན་ ལེ་ཤ་སྦེ་ ཤོར་དོ་ཡོད་མི་ལས་བརྟེན་ཏེ་ཨིནམ་སྦེ་ གསལ་བཏོན་འབྱུང་ནུག

བཙོག་རླུང་འདི་ཡང་ མིའི་འཕྲོད་བསྟེན་ལུ་ གནོད་ཉེན་ཆེ་ཤོས་ཅིག་ཨིནམ་ད་ བཙོག་རླུང་འདི་གིས་ དབུགས་གཏོང་ལེན་འབད་ནི་དང་ དོན་ཧིང་དང་འབྲེལ་བའི་གནད་གཞི་ དེ་ལས་ ནད་གཞི་ཀེན་སར་དང་ ཨ་ལོ་སྐྱེ་བའི་སྐབས་ལུ་ སྐྱོན་ཕོག་ནི་གི་ནད་གཞི་ཚུ་ སྤེལ་དོ་ཡོདཔ་སྦེ་ཨིན་མས།

འདི་བཟུམ་སྦེ་ བཙོག་རླུང་འདི་གིས་ དབུགས་རླུང་གི་འོག་ལས་རང་ གནམ་གཤིས་འགྱུར་བགྲོད་ཀྱི་ རྒྱུ་འབདཝ་ཨིན་མས།

རྒྱལ་སྤྱི་གངས་ལྗོངས་གོང་འཕེལ་ལྟེ་བ་ནང་ལས་ རླུང་ཁམས་མཚན་རིག་པ་གོངམ་ ཨར་ནི་ཀོ་པཱན་དྲི་གིས་སླབ་མི་ནང་ བཙོག་རླུང་འདི་གིས་ ཉི་མའི་འོད་ཚུ་ སིམ་བཅུག་དོ་ཡོདཔ་ལས་ ལོ་ཐོག་ལུ་ཡང་ གནོད་སྐྱོན་རྐྱབ་འཨིན་ཟེར་བཤད་ཅི།

 ལྕེ་ལི་ལ་ལུ་ གནམ་གཤིས་འགྱུར་དྲོད་ལྟ་རྟོག་གི་ འཕྲུལ་ཆས་ལྟེ་བ་ཅིག་ཡོད་མི་འདི་ཡང་ གཟའ་ལྷགཔ་གི་ཚེས་ འགོ་འབྱེད་འབད་ཡི།

འཕྲུལ་ཆས་འདི་གིས་ གནམ་སྟོང་པའི་ནང་ལུ་ བཙོག་རླུང་འདི་ ག་དེ་སྦེ་རང་ཡོདཔ་ཨིན་ན་ ཚད་འཇལ་ཚུགས་ནི་ཨིནམ་ད་ འདི་བཟུམ་གྱི་འཕྲུལ་ཆས་འདི་ ད་རེས་ བལ་བུ་དང་འབྲུག་ལུ་རྐྱངམ་ཅིག་ ཡོདཔ་ཨིན་མས།

འཕྲུལ་ཆས་འདི་ནང་ལས་ ཐོབ་པའི་སྙན་ཞུ་འདི་གིས་ སྲིད་བྱུས་བརྩམ་མི་དང་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ བཙོག་རླུང་ རྩ་མེད་བཏང་ནི་གི་དོན་ལས་ ཐབས་ལམ་ཚུ་བཏོན་ནི་ནང་ལུ་ ལྷན་ཐབས་འབྱུང་ནི་ཨིན་མས།