གཟའ་མིག་དམར། ༢༠༡༨ ཟླ་༡༠ པའི་སྤྱི་ཚེས་༢༢

འབྲུག་ཉེན་སྒྲོལ་སྡེ་ཚོགས་ཀྱིས་ སྔ་གོང་རྐྱེན་ངན་གན་རྒྱ་བཟོ་བའི་བསྒང་།

སྤྱི་ཟླ་༥ པའི་ཚེས་ ༡༨ ༢༠༡༨

༉ འབྲུག་ཉེན་སྒྲོལ་སྡེ་ཚོགས་ཀྱིས་ རྒྱལ་སྤྱི་ཉེན་སྒྲོལ་ཚོགས་པ་ནང་ལུ་ འཐུས་མི་སྦེ་ འཛུལ་བཞུགས་འབད་བའི་ ཁེ་ཕན་ཚུ་ཐོབ་ནི་གི་ཐབས་ལུ་ ད་རེས་ སྔ་གོང་རྐྱེན་ངན་གན་རྒྱ་ཅིག་ བཟོ་བའི་བསྒང་རང་འདུག

ཆིངས་ཡིག་འདི་གིས་ འབྲུག་ལུ་རྐྱེན་ངན་ཚུ་འབྱུང་པའི་སྐབས་ ཚོགས་པའི་འཐུས་མི་རྒྱལ་ཁབ་༡༩༠་གི་ནང་ལས་ རྒྱབ་སྐྱོར་ག་ཅི་བཟུམ་རང་ཐོབ་ནི་ཨིན་ན་ ངེས་གཏན་བཟོ་ནི་ཨིན་མས།

སྔ་གོང་རྐྱེན་ངན་གན་རྒྱ་ཟེར་མི་འདི་ ལས་སྡེ་༣་གྲལ་གཏོགས་ཡོད་པའི་ གན་རྒྱ་ཅིག་ཨིནམ་ལས་ གན་རྒྱ་འདི་གུ་ འབྲུག་ཉེན་སྒྲོལ་སྡེ་ཚོགས་དང་ འབྲུག་གཞུང་ དེ་ལས་ རྒྱལ་སྤྱི་ཉེན་སྒྲོལ་ཚོགས་པ་ཚུ་གིས་ མཚན་རྟགས་བཀོད་དགོ་ནི་ཨིན་མས།

ཐིམ་ཕུག་ལུ་སྦེ་ འབྲུག་ཉེན་སྒྲོལ་སྡེ་ཚོགས་ཀྱིས་ འབྲེལ་ཡོད་ལྷན་ཁག་དང་ རྒྱལ་སྤྱི་གི་ མཁས་མཆོག་ཚུ་དང་གཅིག་ཁར་ ཁ་ཙ་ གྲོས་བསྟུན་ཞལ་འཛོམས་འགོ་དང་པ་ འགོ་འདྲེན་འཐབ་པའི་སྐབས་ལུ་ གན་རྒྱ་འདི་ཡང་ རྒྱལ་ཡོངས་ཀྱི་ དགོས་མཁོ་དང་འཁྲིལ་ཏེ་ བཟོ་དགོ་པའི་ མོས་མཐུན་འབྱུང་ནུག

སྔ་གོང་རྐྱེན་ངན་གན་རྒྱ་འདི་ རྒྱལ་ཡོངས་སྡེ་ཚོགས་ གཞི་བཙུགས་འབད་བའི་ཤུལ་ལུ་རྐྱངམ་ཅིག་ ངོས་ལེན་འབད་དོ་ཡོདཔ་ཨིན་རུང་ འབྲུག་ཉེན་སྒྲོལ་སྡེ་ཚོགས་ཀྱི་ གནས་ཚད་མང་ཤོས་ཅིག་རང་ ཆ་གནས་འབད་དེ་ཡོདཔ་ལས་ རྒྱལ་སྤྱི་གི་འཐུས་མི་ཚུ་གིས་ གན་རྒྱ་འདི་ བཟོ་ནི་གུ་ ཁ་འཆམ་བྱུང་སྟེ་ ཡོདཔ་སྦེ་ཨིན་མས།

རྒྱལ་སྤྱི་ཉེན་སྒྲོལ་ཚོགས་པ་ འགོ་དཔོན་གོངམ་ ཝི་ཇེ་ཀུ་མར་གྱི་སླབ་མི་ནང་ གན་རྒྱ་འདི་ལས་བརྟེན་ཏེ་ རྐྱེན་ངན་གྱི་སྐབས་ལུ་ མི་ཚུ་ལུ་ རྒྱབ་སྐྱོར་ཚུ་ མགྱོགས་སུ་ཅིག་སྦེ་ ཐོབ་ནི་ལུ་ ལྷན་ཐབས་འབད་འོང་ཟེར་བཤད་ཅི།

 ད་རུང་ གན་རྒྱ་འདི་ཡོད་པ་ཅིན་ རྐྱེན་ངན་ལས་བརྟེན་ཏེ་ ཉམས་རྒུད་བྱུང་མི་ཚུ་གིས་ རྒྱལ་སྤྱིའི་ཉེན་སྒྲོལ་ཚོགས་པ་ནང་ལས་ མ་དངུལ་གྱི་གྲོགས་རམ་ཚུ་ཡང་ ཐོབ་ཚུགས་ནི་ཨིན་མས།

རྐྱེན་ངན་བྱུང་པའི་སྐབས་ལུ་ རྒྱལ་སྤྱི་ཉེན་སྒྲོལ་ཚོགས་པ་འདི་གིས་ རྐྱེན་ངན་བྱུང་སྟེ་ཡོད་པའི་ འཐུས་མི་རྒྱལ་ཁབ་འདི་གི་དགོས་མཁོ་དང་འཁྲིལ་ཏེ་ རྒྱབ་སྐྱོར་ཚུ་ འབྱིནམ་ཨིན་མས།