གསང་སྔགས་ཆོས་གླིང་རྒེད་འོག་ལུ་ ཟམ་གྱི་མཐུན་རྐྱེན། - འབྲུག༌རྒྱང༌བསྒྲགས། | འབྲུག༌རྒྱང༌བསྒྲགས།
གཟའ་ཉི་མ། ༢༠༡༨ ཟླ་༨ པའི་སྤྱི་ཚེས་༡༨

གསང་སྔགས་ཆོས་གླིང་རྒེད་འོག་ལུ་ ཟམ་གྱི་མཐུན་རྐྱེན།

སྤྱི་ཟླ་༥ པའི་ཚེས་ ༡༨ ༢༠༡༨

༉ བསམ་རྩེ་ གསང་སྔགས་ཆོས་གླིང་རྒེད་འོག་གི་ བདེ་འཕེལ་གླིང་སྟོད་-རྣམ་སྲས་གླིང་དང་ བདེ་འཕེལ་གླིང་སྨད་-ཁང་བཟང་གླིང་སྤྱི་འོག་གི་མི་སེར་ཚུ་གིས་ ད་རེས་ འཁོར་ལམ་གྱི་ ཞབས་ཏོག་ཐོབ་ཚུགས་ཏེ་འདུག

འདི་ཡང་ གཱའི་ཏི་ཡ་གཙང་ཆུ་གུ་ལས་ སྣུམ་འཁོར་ཐལ་བའི་ཟམ་ཅིག་ རྐྱབ་ཚར་མི་འདི་ གཟའ་ཟླཝ་གི་ཚེ་ བརྒྱུད་འབྲེལ་བླེན་པོ་ དྲི་ཨེན་དུང་གེལ་གྱིས་ འགོ་འབྱེད་གནང་ནི་འདི་གིས་ཨིན་མས།

ད་རུང་ མི་ཊར་༡༨་འབད་མི་ དངོས་གྲུབ་གླིང་ཟམ་འདི་ལས་བརྟེན་ཏེ་ སྤྱི་འོག་འདི་གཉིས་ཀྱི་ཁྱིམ་གུང་པ་༣༥༠་ལྷགཔ་ཅིག་གི་ མི་སེར་ཚུ་ལུ་ གཞན་མི་ རྒེད་འོག་དང་གཅིག་ཁར་ཡང་ མཐུད་འབྲེལ་འབདཝ་ཨིན་མས།

ནམ་བྱཱར་ཆར་རྐྱབ་པའི་སྐབས་ལུ་ གཡུས་འདི་ནང་གི་མི་སེར་ཚུ་གིས་ ད་ལྟོ་ཚུན་ གཙང་ཆུ་འདི་བརྒལ་ནི་གི་དོན་ལུ་ སྦ་གིས་སྦེ་རྐྱབ་སྟེ་ཡོད་མི་ གནས་སྐབས་ཀྱི་ཟམ་འདི་ ལག་ལེན་འཐབ་སྟེ་སྡོད་ནུག

མི་ཚུ་གིས་སླབ་མི་ནང་ ཟམ་མེད་མི་ལུ་བརྟེན་ཏེ་ གཡུས་ཁ་ལུ་ ཚོད་བསྲེ་དང་སོ་ནམ་གྱི་ ཐོན་སྐྱེད་ཚུ་བཙུགས་རུང་ ཚོང་འབྲེལ་འཐབ་ནི་འདི་ ལམ་ཐག་རིང་ནི་འདི་གིས་ བཀོ་དགོཔ་འཐོན་ཏེ་སྡོད་ཅི་ཟེར་བཤད་ཅི།

འདི་འབདཝ་ལས་ གཡུས་ཁ་ལུ་ འོང་འབབ་བཟོ་ནི་གི་ ཐབས་ཤེས་གཞན་མེདཔ་ལས་ ཁོང་མང་ཤོས་ཅིག་རང་ ས་གནས་གཞན་ཁར་ ཤིང་འབྲས་ཀྱི་རྡོག་མ་འདི་ཚུ་ བཏོག་པར་ འགྱོ་དོ་ཡོདཔ་ཨིན་མས།

ཧེ་མ་འབད་བ་ཅིན་ རྒེད་འོག་ལྟེ་བ་ཚུན་ལྷོད་ལྷོད་ལུ་ རྐང་སྟོང་འབད་ དུས་ཡུན་ཆུ་ཚོད་གཅིག་ལྷགཔ་ཅིག་འགོརཝ་ཨིན་རུང་ ད་རེས་ སྣུམ་འཁོར་ནང་ལུ་ སྐར་མ་༢༠་ལྷགཔ་ཅིག་ལས་བརྒལ་ མི་འགོར་དོ་ཡོདཔ་ཨིན་མས།

ད་རུང་ མི་ཚུ་གིས་ སྤྱི་ལོ་༢༠༡༥་ལུ་ སེལ་ཏེ་ཡོད་པའི་ སོ་ནམ་ཞིང་ལམ་འདི་ཡང་ མགྱོགས་སུ་ཅིག་སྦེ་རང་ ཉམས་བཅོས་འབད་འབྱིན་འོང་མནོ་བའི་རེ་བ་ བསྐྱེད་དེ་འདུག

གཡུས་འདི་ནང་གི་མི་ཚུ་གིས་ ཚོད་བསྲེ་གི་མ་དོ་བར་ བྱཱ་དང་ ཨ་ལཱན་ཅི་ དེ་ལས་ དོག་མ་དང་ས་སྒ་གི་ལཱ་ཚུ་ཡང་ འབད་དོ་ཡོདཔ་ཨིན་མས།