འབྲུག་གི་རང་ལུགས་ཀྱི་ སྙན་ཆ་དང་གླུ་གཞས་ཚུ་གསོག་འཇོག - འབྲུག༌རྒྱང༌བསྒྲགས། | འབྲུག༌རྒྱང༌བསྒྲགས།
གཟའ་ཉི་མ། ༢༠༡༨ ཟླ་༨ པའི་སྤྱི་ཚེས་༡༨

འབྲུག་གི་རང་ལུགས་ཀྱི་ སྙན་ཆ་དང་གླུ་གཞས་ཚུ་གསོག་འཇོག

སྤྱི་ཟླ་༥ པའི་ཚེས་ ༡༨ ༢༠༡༨

༉ འབྲུག་གླུ་གར་དབྱགས་རྩལ་ལྟེ་བ་གིས་ པར་རིག་གི་ཐོག་ལས་ འབྲུག་པའི་རང་ལུགས་ཀྱི་ སྙན་ཆ་དང་གླུ་གཞས་ དེ་ལས་ སྒྱུ་རྩལ་གཞན་མི་༤༠༠་ལྷགཔ་ཅིག་ བསྡུ་བཞིན་ན་ གསོག་འཇོག་འབད་ཚུགས་ཏེ་འདུག

འདི་ཡང་ འབྲུག་པའི་རང་ལུགས་ཀྱི་ ཁྱད་ཆོས་མཐུན་མོང་མ་ཡིན་པ་ཚུ་ ཉམས་མ་བཅུག་པར་ བཞག་ནི་གི་དོན་ལུ་ཨིན་མས།

འདི་ཚུ་གི་གྲལ་ལས་གཅིག་འདི་ དར་དཀར་ལ་མོའི་ལ་མཇུག་ཟེར་མི་ གཞསམ་འདི་ཨིནམ་ད་ གཞསམ་འདི་ཡང་ དར་དཀར་ན་ ཁྱིད་སྦིས་ས་གི་མི་ཚུ་གིས་ རྐྱབ་མི་འདི་ཨིན་མས།

 གཞསམ་འདི་ པར་གྱི་ཐོག་ལས་བསྡུ་གསོག་འབད་དེ་ཡོད་རུང་ འདི་གིས་ མི་ཚུ་ལུ་ ཁོང་རའི་ལམ་སྲོལ་གྱིས་ ཕྱུག་པའི་སྐོར་ལས་ གསལ་བཏོན་འབད་དོ་ཡོདཔ་ཨིན་མས།

འབྲུག་གླུ་གར་དབྱངས་རྩལ་ལྟེ་བ་འདི་ སྤྱི་ལོ་༢༠༠༨་ལུ་ བསོད་ནམས་རྡོ་རྗེ་གིས་ གཞི་བཙུགས་འབད་ཡོདཔ་ད་ བསོད་ནམས་རྡོ་རྗེ་འདི་ སྐད་འཐེན་མི་དང་ ཞབས་ཁྲའི་ཚིག་བརྩམ་མི་ཅིག་ཨིན།

ལྟེ་བ་འདི་གིས་ རྒྱལ་ཁབ་ཀྱི་ལུང་ཕྱོགས་དང་ ཁ་སྐད་ དེ་ལས་ མི་རིགས་མ་འདྲཝ་གི་ རང་ལུགས་ཀྱི་སྙན་ཆ་མ་འདྲཝ་སྦེ་ཡོད་མི་ཚུ་ པར་བཏབ་བཞིན་ན་ གཏན་མཛོད་ནང་ལུ་ བཙུགས་དོ་ཡོདཔ་ཨིན་མས།

ད་རུང་ ལྟེ་བ་གཞི་བཙུགས་འབད་མི་ བསོད་ནམས་རྡོ་རྗེ་གིས་སླབ་མི་ནང་ སྙན་ཆ་ཀྲོག་མི་མཁས་པ་ཚུ་ཡང་ གློག་རིག་གི་ཐོག་ལས་ བསྡུ་གསོག་འབད་དེ་ བཞགཔ་ཨིན་ཟེར་བཤད་ཅི།

འདི་བཟུམ་སྦེ་ འབྲུག་གླུ་གར་དབྱངས་རྩལ་ལྟེ་བ་འདི་གིས་ རང་ལུགས་ཀྱི་སྙན་ཆ་དང་གླུ་གཞས་ཚུ་ པར་བཏབ་བཞག་ནི་གི་དོན་ལུ་ འཚེར་བར་མེད་པར་ རྒྱལ་ཁབ་ཀྱི་ས་གནས་ ལཱ་ཁག་ཚུ་ནང་ལས་ཕར་ཡང་ འགྱོཝ་དོ་ཡོདཔ་སྦེ་ཨིན་མས།

ལྟེ་བ་འདི་གིས་ ཐིམ་ཕུག་ ཝང་སི་སི་ན་ལུ་ ལམ་སྲོལ་གྱི་ལྟེ་བ་ཅིག་ཡང་ བཟོ་ནི་ཨིནམ་ད་ ལམ་སྲོལ་གྱི་ལྟེ་བ་འདི་ འབྲུག་པའི་སྙན་ཆ་དང་གླུ་གཞས་ཚུ་ ཤེས་དགོ་མནོ་མི་ཚུ་གི་དོན་ལུ་ དཔེ་མཛོད་ཁང་ཅིག་སྦེ་འོང་ནི་ཨིན་མས།

ལྟེ་བ་འདི་ནང་ལུ་ ད་རེས་ མ་དངུལ་དང་ ཁྱད་རིག་དང་ལྡན་པའི་ ལས་བྱེདཔ་ལངམ་སྦེ་མེད་པའི་ དཀའ་ངལ་ཡོད་རུང་ ཞིབ་འཚོལ་ལྟེ་བ་འདི་ སྙན་ཆའི་མཛོད་ཁང་ཅིག་ལུ་ འགྱུར་ཚུགས་པའི་རེ་བ་འདུག