ཨ་རོགས་དགའ་རོགས་ཀྱི་ གནད་དོན་ལས་བརྟེན་ མི་གཅིག་བསད་ཡོདཔ། - འབྲུག༌རྒྱང༌བསྒྲགས། | འབྲུག༌རྒྱང༌བསྒྲགས།
གཟའ་ཉི་མ། ༢༠༡༨ ཟླ་༨ པའི་སྤྱི་ཚེས་༡༨

ཨ་རོགས་དགའ་རོགས་ཀྱི་ གནད་དོན་ལས་བརྟེན་ མི་གཅིག་བསད་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༡༨ ༢༠༡༨

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བསམ་གྲུབ་ལྗོངས་མཁར་ལུ་ སྐྱེས་ལོ་༢༦་ལང་མི་ རྒྱ་གར་གྱི་མི་ཁུངས་གཅིག་ལུ་ དང་བླངས་ཐོག་ལས་ མི་བསད་ཡོད་པའི་ཉེས་འཛུགས་ བཀལཝ་ཨིན་མས།

བསམ་གྲུབ་ལྗོངས་མཁར་ལུ་ ཟ་ཁང་ཅིག་ནང་ ཐབ་ཚབ་སྦེ་ ལཱ་འབད་མི་ཕོ་སྐྱེས་འདི་གིས་ དུས་ཅི་སྤྱི་ཟླ་༢་པའི་ནང་ལུ་ གཞན་མི་ རྒྱ་གར་གྱི་མི་ཁུངས་གཅིག་ལུ་ གྱི་གསོབ་བྱིན་ཡོདཔ་ཨིན་མས།

འདི་འབདཝ་ལས་ གནད་དོན་འདི་ ཁ་ཙ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བསམ་གྲུབ་ལྗོངས་མཁར་གྱི་ རྫོང་ཁག་ཁྲིམས་ཀྱི་འདུན་ས་ལུ་བསྐྱལ་ནུག

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་དང་འཁྲིལཔ་ད་ ཚེ་འདས་ཕོ་སྐྱེས་འདི་ འབྲུག་པའི་བུམོ་གཅིག་གི་ ཧེ་མའི་ ཨ་རོགས་དགའ་རོགས་ཅིག་ཨིནམ་ད་ ཉེས་འཛུགས་ཅན་ཕོ་སྐྱེས་འདི་ བུམོ་འདི་གི་ ད་རེས་ཀྱི་ ཨ་རོགས་དགའ་རོགས་ཅིག་ཨིན་མས།

བྱ་ངན་འདི་ འབྱུང་པའི་སྐབས་ལུ་ ཚེ་འདས་ཕོ་སྐྱེས་འདི་ ས་མཚམས་ཁྲོམ་ཁ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ རྐང་རྩེད་རྩེ་བར་འོང་པའི་སྐབས་ བུམོ་འདི་ལུ་ འགྲུལ་འཕྲིན་ནང་ མོ་གི་ངོ་ཚ་ཅན་གྱི་པར་ཚུ་ ཕེས་བུཀ་ནང་ལུ་ བཙུགས་ནི་ཟེར་ འཇིགས་སྐུལ་འབད་ཡོདཔ་སྦེ་ཨིན་མས།

ཨིན་རུང་ ཁོང་༢་ དེ་སྦེ་ ཁ་སླབ་སྡོད་པའི་སྐབས་ ཉེས་འཛུགས་ཅན་ཕོ་སྐྱེས་འདི་གིས་ ཧ་གོ་ཞིནམ་ལས་ ཚེ་འདས་ཕོ་སྐྱེས་འདི་དང་གཅིག་ཁར་ འགྲུལ་འཕྲིན་ནང་ལུ་ ཁ་ཤགས་རྐྱབ་ནུག་ཟེར་ཨིན་མས།

དེ་ལས་ ཕྱི་རུ་ཁམས་ཅིག་ཁར་ ཁོང་རང་ ལོག་ཁོང་རའི་ཁྱིམ་ནང་འགྱོ་བའི་སྐབས་ ལམ་ཁར་ཕྱད་པའི་ཤུལ་ བྱེལཝ་འཛུབ་ཡོདཔ་སྦེ་ཨིན་མས།

དེ་བསྒང་ ཉེས་འཛུགས་ཅན་ཕོ་སྐྱེས་འདི་གིས་ ཚེ་འདས་ཀྱི་བྱང་ཁོག་གུ་ གྱི་གསོབ་བྱིན་པའི་ཤུལ་ ཚེ་འདས་ཕོ་སྐྱེས་འདི་ བྱོག་འགྱོ་ཡོདཔ་ཨིན་རུང་ ཁྲག་ཚད་ལས་བརྒལ་ཐོན་འགྱོ་མི་ལུ་བརྟེན་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་མས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ དོགས་པ་ཅན་ཕོ་སྐྱེས་འདི་ལུ་ ཉེས་ཆེན་དབྱེ་རིམ་༢་པའི་བཙོན་ཁྲིམས་ ལོ་༩་ལས་༡༥་གི་བར་ན་ བཀལ་དགོ་པའི་ཞུ་བ་འབདཝ་ཨིནམ་མ་ཚད་ ཚེ་འདས་ཀྱི་ཐོབ་ལམ་ཅན་ཚུ་ལུ་ རྒུད་འཐུས་དངུལ་ཀྲམ་འབུམ་༥་མ་ལངམ་ཅིག་ སྤྲོད་དགོ་པའི་བཀའ་རྒྱ་གནང་དགོཔ་སྦེ་ ཞུ་ཡི།