གཟའ་མིག་དམར། ༢༠༡༨ ཟླ་༡༠ པའི་སྤྱི་ཚེས་༢༢

གླ་འཁོར་ཡར་སེང་འགྱོ་མི་དང་འབྲེལ་ སྣུམ་འཁོར་བཞག་ས་མེདཔ།

སྤྱི་ཟླ་༥ པའི་ཚེས་ ༡༨ ༢༠༡༨

༉ དགེ་ལེགས་ཕུག་ཁྲོམ་ཁ་ལུ་ གླ་འཁོར་གྱི་གྱངས་ཁ་ ཡར་སེང་འགྱོ་ནི་འདི་གིས་ གླ་འཁོར་ཚུ་བཞག་སའི་ ས་སྒོ་ ཐོབ་ཚུགས་པ་ལུ་ ལཱ་ཁག་བཏང་དོ་ཡོདཔ་ཨིན་མས།

གླ་འཁོར་བཏང་མི་ཚུ་གིས་ སླབ་མི་ནང་ ཁྲོམ་སྡེ་གི་ཁ་ཐུག་ལས་ གླ་འཁོར་བཞག་སའི་ས་སྒོ་འདི་ ས་གནས་གཞན་གཅིག་ཁར་སྤོ་ནི་དང་ ཡང་ན་ ད་རེས་ཡོད་པའི་ས་སྒོ་འདི་རང་ རྒྱ་བསྐྱེད་བཏང་དགོཔ་འདུག་ཟེར་བཤད་ཅི།

ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ ཐོ་བཀོད་དང་འཁྲིལ་བ་ཅིན་ གསར་སྤང་རྫོང་ཁག་ནང་ལུ་ གླ་འཁོར་༢༠༠་དེ་ཅིག་ ཐོ་བཀོད་འབད་དེ་ཡོད་ས་ལས་ མང་ཤོས་ཅིག་རང་ དགེ་ལེགས་ཕུག་ལུ་ གཏང་སྡོད་དོ་ཡོདཔ་སྦེ་ཨིན་མས།

ཨིན་རུང་ དགེ་ལེགས་ཕུག་གི་སྦུག་ལུ་ཡོད་པའི་ གླ་འཁོར་བཞག་སའི་ས་སྒོ་ནང་ལུ་ ད་རེས་ གླ་འཁོར་༣༦་རྐྱངམ་གཅིག་ ཤོང་དོ་ཡོདཔ་ཨིན་མས།

འདི་འབདཝ་ལས་ གླ་འཁོར་གཏང་མི་ཚུ་གིས་ ཁོང་རའི་གླ་འཁོར་ཚུ་ བཞག་ནི་གི་ ས་སྒོ་མ་འཐོབ་པའི་སྐབས་ལུ་ གླ་འཐུས་སྤྲོད་དེ་ གཞན་ཅིག་ཁར་ བཞག་དགོཔ་འཐོན་མས་ ཟེར་ཨིན་མས།

ད་རུང་ ཁོང་གིས་སླབ་མི་ནང་ ཁོང་རའི་གླ་འཁོར་ཚུ་ ས་གནས་གཞན་ཁར་ བཀག་བཞག་རུང་ ཉེས་བྱ་ཚུ་བཀལཝ་མས་ཟེར་བཤད་ཅི།

 དགེ་ལེགས་ཕུག་ཁྲོམ་སྡེ་གིས་ གླ་འཁོར་བཞག་སའི་ ས་སྒོ་རྐྱབ་ནི་དོན་ལུ་ ད་རེས་ཊག་བཞག་སའི་ ས་སྒོ་འདི་ནང་ལུ་ ངོས་འཛིན་འབད་དེ་འདུག

 གསར་སྤང་རྫོང་ཁག་ དགེ་ལེགས་ཕུག་ཁྲོམ་སྡེ་གི་ ཁྲོམ་དཔོན་ ཊི་ཀཱ་རམ་ཀཕ་ལེ་གིས་སླབ་མི་ནང་ ས་སྒོ་འདི་རྐྱབ་ནི་དོན་ལུ་ ཁྲོམ་སྡེ་ཁ་ཐུག་ལས་ བཟོ་བཀོད་ཚུ་ཡང་ འབྲེལ་ཡོད་དབང་འཛིན་ལུ་ ཕུལ་ཚར་ཏེ་ཡོདཔ་ལས་ ལཱ་འགོ་བཙུགས་ཆོག་པའི་ གནང་བ་ཐོབ་ནི་ལུ་སྒུག་སྟེ་ ཡོད་ཟེར་བཤད་ཅི།

ད་རུང་ ཁོ་གིས་སླབ་མི་ནང་ ད་རེས་རྐྱབ་ནི་སྦེ་ཡོད་པའི་ གླ་འཁོར་བཞག་སའི་ས་སྒོ་འདི་ནང་ལུ་ མི་ཚུ་སྒུག་སྡོད་སའི་མཐུན་རྐྱེན་དང་ ཁུར་ཆ་ཚུ་བཞག་ནི་གི་ ཐུན་རྐྱེན་ཚུ་ཡང་ ཐོན་འོང་ཟེར་བཤད་ཅི།