གཟའ་ཕུར་བུ། ༢༠༡༡ ཟླ་༣ པའི་སྤྱི་ཚེས་༣

རྒྱལ་ཁབ་ནང་ལུ་ དྲ་ལེ་ཨེ་མ་ལས་བརྟེན་ འོང་འབབ་ལེགས་ཤོམ་བཟོ་ཚུགས་དོ་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༡༧ ༢༠༡༨

༉ པདྨ་དགའ་ཚལ་རྫོང་ཁག་ འུ་ལིག་ལྟང་གཡུས་ཁའི་ མི་སེར་སོ་ནམ་པ་ཚུ་གི་དོན་ལས་ ཡོངས་གྲགས་ལུ་དྲ་ལེ་ཟེར་སླབ་མི་ ཨེ་མ་འདི་ དངུལ་ཐོག་གསརཔ་ཅིག་སྦེ་ འཐོན་ཏེ་འདུག

གཡུས་འདི་ནང་གི་ མི་སེར་ཚུ་གིས་ དྲ་ལེ་ཨེ་མ་བཙུགས་ནི་གི་ལཱ་འབད་དེ་ ལོ་༤དེ་ཅིག་འགྱོ་དོ་ཡོདཔ་ད་ ད་རེས་ ཨེ་མ་གི་ཚོང་འབྲེལ་འདི་ ལེགས་ཤོམ་སྦེ་རང་ འགྱོ་དོ་ཡོདཔ་ཨིན་མས།

འདི་ཡང་ གཡུས་ཚན་འདི་ཁའི་ མི་སེར་སོ་ནམ་པ་ཚུ་གིས་སླབ་མི་ནང་ གཞན་མི་ ཚོད་བསྲེ་ཚུ་དང་འཕྱདཔ་ད་ དྲ་ལེ་ཚོང་འབྲེལ་འཐབ་ནི་འདི་ ཁེབ་ས་ཆེ་དོ་ཡོདཔ་ལས་ དྲ་ལེ་ཨེ་མ་བཙུགས་ནི་འདི་ གཙོ་རིམ་ཅན་ཅིག་སྦེ་ འཐོན་ཏེ་ཡོད་ཟེར་བཤད་ཅི།

 དྲ་ལེ་ཨེ་མ་འདི་ཡང་ མི་ཚུ་གིས་ སྐྱུར་རྫས་པི་ཀཱལ་བཟོ་ནི་གི་དོན་ལས་ ཉོ་འབག་དོ་ཡོདཔ་ད་ ཨེ་མ་ཀེ་ཇི་རེ་ལུ་ དངུལ་ཀྲམ་གཅིག་བརྒྱ་རེ་ སླབ་དོ་ཡོདཔ་ཨིན་མས།

དྲ་ལེ་ཨེ་མ་འདི་ གཞན་མི་ ཤིང་འབྲས་ཀྱི་ཤིང་ཚུ་བཟུམ་སྦེ་ ལོ་བསྟར་བཞིན་དུ་རང་ བཙུགས་མ་དགོ་པའི་ཁར་ ཨེ་མའི་ཤིང་འདི་ རི་དྭགས་སེམས་ཅན་ཚུ་གིས་ཡང་ གནོདཔ་མི་བཀལ་དོ་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ ཨེ་མ་ལུ་མཁོ་འདོད་བསྐྱེད་མི་ཚུ་གིས་ ཨེ་མ་ཉོ་ནི་གི་དོན་ལས་ ཁོང་རའི་གཡུས་ཚན་ནང་རང་ འོང་དོ་ཡོདཔ་ལས་ ཨེ་མ་འདི་ བཙོང་མ་ཚུགས་པའི་ དཀའ་ངལ་མེདཔ་ཨིན་མས།

འདི་དང་གཅིག་ཁར་ རྒྱལ་ཁབ་ནང་ལུ་ ཨེ་མ་ལུ་དགའ་མི་ མང་སུ་ཅིག་ཡོད་མི་དང་འབྲེལ་ དྲ་ལེ་ཨེ་མ་ལས་བརྟེན་པའི་ ཚོང་འབྲེལ་གྱི་གོ་སྐབས་ཚུ་ ལེགས་ཤོམ་མཐོང་ཚུགས་ཏེ་འདུག