གཟའ་པ་སངས། ༢༠༡༨ ཟླ་༤ པའི་སྤྱི་ཚེས་༢༦

རྒྱལ་ཁབ་ནང་ལུ་ བཟའ་ཚང་ཚུ་གིས་ ཨ་ལོ་ཉུང་སུ་ཅིག་སྐྱེ་ནི་ལུ་ བལྟ་དོ་ཡོདཔ་སྦེ་ གསལ་སྟོན་བྱུང་ཡོདཔ།

སྤྱི་ཟླ་༣ པའི་ཚེས་ ༡༦ ༢༠༡༨

༉ འབྲུག་གི་འཚོ་བའི་གནས་ཚད་ བརྟག་ཞིབ་ཀྱི་སྙན་ཞུ་༢༠༡༧དང་འཁྲིལཔ་ད་ རྒྱལ་ཁབ་ནང་ལུ་ བཟའ་ཚང་ཚུ་གིས་ ཨ་ལོ་ཉུང་སུ་ཅིག་སྐྱེ་ནི་ལུ་ བལྟ་དོ་ཡོདཔ་སྦེ་ གསལ་སྟོན་འབྱུང་ནུག

ད་རུང་ སྙན་ཞུ་འདི་དང་འཁྲིལཔ་ད་ རྒྱལ་ཁབ་ནང་ལུ་ སྐྱེ་ནུས་ཀྱི་ཚད་འདི་ ཧེ་མ་ལས་རང་ མར་ཕབ་སོང་སྟེ་འདུག་ཟེར་ཨིན་པས།

འདི་ལུ་ མཁས་པ་དང་ མི་འབོར་ཞིབ་རྩིས་པ་ཚུ་གིས་སླབ་མི་ནང་ བཟའ་ཚང་ཚུ་གིས་ ཨ་ལོ་ཉུང་སུ་ཅིག་སྦེ་སྐྱེ་མི་གི་ ལམ་ལུགས་འདི་ལས་བརྟེན་ མ་འོངས་པའི་ནང་ གནད་དོན་མ་འདྲཝ་ཚུ་གི་ཐོག་ལས་ རྒྱལ་ཁབ་ལུ་ གནོད་པ་འབྱུང་ནི་གི་ ཉེན་ཁ་ཡོདཔ་སྦེ་བཀོད་དེ་འདུག

སྤྱི་ལོ་༡༩༨༠གྱ་གྲངས་ཚུན་ཚོད་ རྒྱལ་ཁབ་ནང་ལུ་ སྐྱེ་ནུས་ཀྱི་ཚད་འདི་ ཨམ་སྲུ་ཅིག་གིས་ སྤྱིར་སྙོམས་ལུ་ ཨ་ལོ་༦སྐྱེ་ཚུགསཔ་སྦེ་ སྡོད་ཡོདཔ་ཨིན་པས།

ཨིན་རུང་ ད་རེས་ རྒྱལ་ཁབ་ནང་ལུ་ སྐྱེ་ནུས་ཀྱི་ཚད་འདི་༡དང་ཚག་༩ལུ་ལྷོད་དེ་ཡོདཔ་ད་ འདི་ཡང་ ཨམ་སྲུ་གཅིག་གིས་ ཨ་ལོ་༢དང་ འདི་ལས་ཉུང་སུ་ཅིག་ སྐྱེ་འོང་ཟེར་ཨིན་པས།

གནད་དོན་འདི་ བཟའ་ཚང་ནང་ལུ་ མི་རློབས་ཚབ་མ་བཙུགས་ནི་གི་ གནས་ཚད་ཀྱི་འོག་ལས་ཨིནམ་ད་ ད་རེས་ མི་རློབས་ཚབ་མ་བཙུགས་ནི་གི་ གནས་ཚད་འདི་༢དང་ཚག་༡ཡོདཔ་ཨིན་པས།

ཚབ་མ་བཙུགས་ནི་གི་ གནས་ཚད་ཟེར་མི་འདི་ཡང་ དགའ་མཐུན་ཕོ་མོ་༢ཀྱི་ཚབ་མ་ ཨ་ལོ་༢སྐྱེ་སྟེ་ ཚབ་མ་བཙུགས་མི་ལུ་ གོ་ནི་ཨིནམ་ད་ ཚབ་མ་བཙུགས་ནི་གི་ གནས་ཚད་རྒྱུན་སྐྱོང་འབད་ནི་འདི་ མི་རློབས་རྩ་བརྟན་བཟོ་ནི་གི་དོན་ལས་ ཁག་ཆེ་བའི་གནད་དོན་ཅིག་ཨིན་པས།

ཨ་ལོ་སྐྱེ་ནུས་ཀྱི་ཚད་ མར་ཉམས་འགྱོ་མི་ལུ་བརྟེན་ གནད་དོན་མ་འདྲཝ་ཚུ་གི་ཐོག་ལུ་ སྟབས་མ་བདེཝ་ཚུ་འཐོན་ནི་ཨིནམ་ད་ ག་དེ་ཅིག་སྦེ་ ལམ་ལུགས་འདི་ འཕྲོ་མཐུད་དེ་རང་སྡོད་པ་ཅིན་ རྒྱལ་ཁབ་ནང་ལུ་ ལོ་ན་རྒས་ཤོས་ཀྱི་མི་རློབས་འདི་ ཡར་སེང་འགྱོ་ནི་དང་ ལཱ་འབད་ཚུགས་པའི་ ལོ་ཚད་ཁར་ཡོད་མི་ མི་རློབས་ཀྱི་གྱངས་ཁ་འདི་ མར་ཕབ་འགྱོ་ནི་པས།

ལོ་ན་རྒས་ཤོས་ཀྱི་མི་རློབས་ཟེར་མི་འདི་ཡང་ སྐྱེས་ལོ་༦༥ཡན་ཆད་འབད་མི་ཚུ་ལུ་ གོཝ་ཨིན་པས།

རྒྱལ་ཁབ་ནང་ལུ་ ལཱ་འབད་ཚུགས་པའི་ ལོ་ཚད་ཁར་ཡོད་མི་ མི་རློབས་ཀྱི་གྱངས་ཁ་ ཉུང་སུ་ཅིག་ལས་བརྒལ་མེད་མི་འདི་གིས་ ཟད་འགྲོ་ལེ་ཤ་སྦེ་ བཏང་དགོཔ་འཐོནམ་མ་ཚད་ འདི་གིས་ རྒྱལ་ཁབ་ཀྱི་དཔལ་འབྱོར་ལུ་ཡང་ ཐོ་ཕོག་ནི་ཨིན་པས།

མི་ལ་ལུ་ཅིག་གིས་བཀོད་མི་ནང་ ཨ་ལོ་སྐྱེ་ནུས་ཀྱི་ཚད་ མར་ཕབ་འགྱོ་མི་འདི་ཡང་ སྤྱི་ལོ་༡༩༩༠འགོ་བཙུགས་ཁམས་ཅིག་ཁར་ གསོ་བའི་ལྷན་ཁག་གིས་ བཟའ་ཚང་འཆར་གཞི་གི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་མི་ལུ་བརྟེན་ཏེ་ ཨིནམ་བཟུམ་ཅིག་འདུག་ཟེར་བཤད་ཅི།

འདི་ཡང་ མི་རློབས་ཡར་སེང་འགྱོ་མི་དང་འབྲེལ་བའི་དཀའ་ངལ་ཚུ་ བཀག་ཐབས་འབད་ནི་གི་དོན་ལས་ གསོ་བའི་ལྷན་ཁག་གིས་ མི་རློབས་འཆར་གཞི་གི་ལས་སྣ་མ་འདྲཝ་ཚུ་ འགོ་བཙུགས་ཏེ་ཡོདཔ་ཨིན་པས།

ཨིན་རུང་ གནད་དོན་འདི་གི་ཐད་ཁར་ གསོ་བའི་དྲུང་ཆེན་ དྲོག་ཊར་ ཨོ་རྒྱན་རྡོ་ཕུག་གིས་འབད་བ་ཅིན་ མི་བདེན་ཟེར་ཨིནམ་ད་ འདི་ཡང་ ཁོ་གིས་སླབ་མི་ནང་ མི་སེར་ཚུ་གིས་ བཟའ་ཚང་འཆར་གཞི་གི་སྐོར་ལས་ གོ་བ་བརྡ་ལོག་སྦེ་ ལེན་ནུག་ཟེར་བཤད་ཅི།

ད་རུང་ དྲོག་ཊར་ ཨོ་རྒྱན་རྡོ་ཕུག་གིས་སླབ་མི་ནང་ བཟའ་ཚང་ཚུ་གིས་ ཨ་ལོ་ཉུང་སུ་སྦེ་སྐྱེ་ནི་ལུ་ གདམ་ཁ་རྐྱབ་མི་འདི་ཡང་ ད་རེས་ནངས་པའི་ གནས་སྟངས་དང་འཁྲིལ་ཏེ་ ཨིན་པས་ཟེར་བཤད་ཅི།

ད་རེས་ རྒྱལ་ཁབ་ནང་ལུ་ རྒྱལ་ཡོངས་ཀྱི་གནས་ཚད་ཁར་ ལཱ་འབད་མི་ ཨམ་སྲུ་མང་སུ་ཅིག་ཡོདཔ་ལས་ ཨ་ལོ་སྐྱེ་ནུས་ཀྱི་ཚད་ མར་ཕབ་འགྱོ་ནི་ནང་ལུ་ ལྷན་ཐབས་འབད་མི་གི་ ཆ་རྐྱེན་ཅིག་ཨིན་པས།

འཛམ་གླིང་དངུལ་ཁང་དང་གཅིག་ཁར་ རྒྱལ་ཁབ་ཀྱི་དཔལ་འབྱོར་མཁས་མཆོག་ཅིག་ཨིན་མི་ ཡོ་ཅི་རོ་ཨི་ཤི་ཧ་ར་གིས་སླབ་མི་ནང་ ཨ་ལོ་སྐྱེ་ནུས་ཀྱི་ཚད་ མར་ཕབ་འགྱོ་མི་འདི་གིས་ ཁོ་རའི་རྒྱལ་ཁབ་ ཇ་པཱན་རྩིས་ཏེ་ ཨེ་ཤི་ཡན་གྱི་རྒྱལ་ཁབ་མང་ཤོས་ཅིག་ནང་རང་ དཔལ་འབྱོར་ལུ་ཐོ་ཕོག་པའི་ གནད་དོན་ཅིག་ཨིན་ཟེར་བཤད་ཅི།

ད་རུང་ ཁོ་གིས་སླབ་མི་ནང་ ཨ་ལོ་སྐྱེ་ནུས་ཀྱི་ཚད་ མར་ཕབ་འགྱོ་མི་གི་གནད་དོན་འདི་ འབྲུག་རྒྱལ་ཁབ་ནང་ལུ་ ཚ་གྱང་ཆེ་བའི་གནད་དོན་ཅིག་ ཨིན་ན་མེན་ན་ གཏན་གཏན་མེདཔ་ཨིན་རུང་ ཨ་ལོ་སྐྱེ་ནུས་ཀྱི་ཚད་ མར་ཕབ་འགྱོ་དོ་ཡོད་པའི་ རྒྱལ་ཁབ་ཚུ་གིས་ གནས་སྟངས་འདི་ལུ་ གདོང་ལེན་འབད་ནི་གི་ འཆར་གཞི་ཚུ་བརྩམས་དགོ་ཟེར་ཨིན་པས།

ཨ་ལོ་སྐྱེ་ནུས་ཀྱི་ཚད་ མར་ཕབ་འགྱོ་མི་གི་དཀའ་ངལ་འདི་ སེལ་ནི་གི་དོན་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་དྲུང་ཆེན་ཡིག་ཚང་གིས་ འབྲུག་གི་རྒྱལ་ཡོངས་མི་རློབས་དང་ གོང་འཕེལ་སྲིད་བྱུས་ཅིག་ ཟིན་བྲིས་བཏབ་པའི་བསྒང་ར་འདུག

ཟིན་བྲིས་སྲིད་བྱུས་འདི་ནང་ལུ་ དམིགས་ཡུལ་གཅིགཔ་འདི་ རྒྱལ་ཁབ་ནང་ དུས་དང་དུས་སུ་ ཨ་ལོ་སྐྱེས་ནུས་ཀྱི་ཚད་འདི་ ཚབ་མ་བཙུགས་ནི་གི་གནས་ཚད་ལས་ མར་ཕབ་འགྱོ་མ་བཅུག་པར་བཞག་ནི་ནང་ གཏན་འཁེལ་བཟོ་དགོཔ་སྦེ་ འཁོད་དེ་ཡོོདཔ་ཨིན་པས།

ཟིན་བྲིས་སྲིད་བྱུས་འདི་ཡང་ ན་ཧིང་འགོ་འདྲེན་འཐབ་མི་ རྒྱལ་ཡོངས་མི་རློབས་དང་ ཁྱིམ་གྱི་གྲངས་རྩིས་ཐེངས་༢པ་གི་ གྲུབ་འབྲས་སྙན་ཞུ་འདི་འཐོན་པའི་ཤུལ་མ་ བསྐྱར་ཞིབ་འབད་དེ་ གཏན་འཁེལ་བཟོ་ནི་ཨིན་མས།

དེ་ལས་རྐྱངམ་ཅིག་ ཨ་ལོ་སྐྱེས་ནུས་ཀྱི་ཚད་ མར་ཕབ་འགྱོ་མི་གི་གནད་དོན་འདི་ ཚ་གྱང་ལང་དགོ་པའི་གཞི་ ཨིན་ན་མེན་ན་འདི་ གཏན་འཁེལ་སྦེ་ ཧ་གོ་ཚུགསཔ་ཟེར་ཨིན་པས།