གཟའ་ཕུར་བུ། ༢༠༡༨ ཟླ་༩ པའི་སྤྱི་ཚེས་༡༩

རྩི་རང་ལུ་རྫོང་ཁག་ནང་ལུ་ གདམ་ངོའི་འཛོམས་འདུའི་སྐབས་ལུ་ སྟབས་མ་བདེཝ་འཐོན་ཡོདཔ།

སྤྱི་ཟླ་༣ པའི་ཚེས་ ༡༦ ༢༠༡༨

༉ རྩི་རང་ལུ་ཡོད་པའི་ རྫོང་ཁག་བཙག་འཐུའི་རྩོད་རྙོག་སེལ་ཐབས་འདུས་ཚོགས་ཀྱིས་ ད་རེས་ ཕྱག་ཞུ་བའི་བསྒང་ཡོད་མི་ མཚོ་གླིང་མཁར་རྒཔོ་ལུ་ ཉེས་བྱ་དངུལ་ཀྲམ་སྟོང་ཕྲག་༣དང་༧༥༠བཀལ་ཏེ་འདུག

འདི་ཡང་ སྤྱི་ཟླ་༣པའི་ སྤྱི་ཚེས་༣ལུ་ གདམ་ངོའི་འཛོམས་འདུ་གི་སྐབས་ རྒཔོ་འདི་ ཚོགས་རྒྱན་བསྐྱུར་མི་ཚུ་དང་གཅིག་ཁར་ ཡོདཔ་སྦེ་མཐོང་པའི་ཤུལ་མ་ ཉོག་བཤད་བཀོད་མི་འཐོན་ཡོདཔ་ཨིན་པས།

གནད་དོན་འདི་ གདམ་ངོའི་འཛོམས་འདུ་ནང་ལུ་ གདམ་འཐུ་མ་སྒྲུབ་མི་ རྒྱལ་ཡོངས་ཚོགས་སྡེའི་ དང་འདོད་ཅན་གྱི་ མི་ངོམ་ཅིག་གིས་ རྫོང་ཁག་བཙག་འཐུའི་རྩོད་ཉོག་སེལ་ཐབས་འདུས་ཚོགས་ལུ་ ཉོག་བཤད་བཀོད་དེ་ཡོདཔ་ཨིན་པས།

རྫོང་ཁག་བཙག་འཐུའི་རྩོད་རྙོག་སེལ་ཐབས་འདུས་ཚོགས་ཀྱིས་ རྒཔོ་འདི་ལུ་ ཤུལ་མའི་བཙག་འཐུའི་ནང་ བཅའ་མར་གཏོགས་མི་ཚུ་ལུ་ གོ་བརྡའི་རྒྱབ་སྐྱོར་དང་ དགའཝ་མ་དགའཝ་གི་རྣམ་གཞག་ཚུ་ འབད་མ་ཆོགཔ་སྦེ་ ཉེན་བརྡ་འབད་དེ་འདུག

འདི་བཟུམ་སྦེ་ ཉོག་བཤད་བཀོད་འདི་གིས་ གདམ་ངོའི་འཛོམས་འདུ་གི་ཧེ་མ་ལས་ རྒཔོ་འདི་གིས་ ཚོགས་རྒྱན་བསྐྱུར་མི་ཚུ་ལུ་ རྒྱུད་བསྐུལ་འབད་ཡོད་པའི་ དོགས་པ་ཆགས་ཡོདཔ་ཨིན་རུང་ གནད་དོན་འདི་ འདི་བསྒང་ལས་རང་ སྙན་ཞུ་མ་འབད་མི་ལུ་བརྟེན་ ཉེན་བརྡའི་ཡི་གུ་བྱིན་ཡོདཔ་ཨིན་པས།

ཨིན་རུང་ འདུས་ཚོགས་ཀྱིས་འབད་བ་ཅིན་ འདི་བསྒང་ རྒཔོ་འདི་གི་ ཁོ་རའི་གཞུང་འབྲེལ་གྱི་ལཱ་རྐྱངམ་ཅིག་འབད་ནུག་ཟེར་ཨིན་མས།

འདི་འབདཝ་ལས་ རྩ་ཕན་གཉིས་ཆ་རང་གིས་ ཚོགས་རྒྱན་བསྐྱུར་མི་ཚུ་ལུ་ ཚོགས་རྒྱན་བཙུགས་ནི་ནང་ སྟབས་མ་བདེཝ་བཟོ་ཡོད་པའི་སྐོར་ལས་ཡང་ ཉེན་བརྡ་འབད་ནུག

གནད་དོན་འདི་ཡང་ འདས་པའི་བདུན་ཕྲག་ནང་ ཐོ་བཀོད་འབད་ཡོདཔ་ད་ རྒཔོ་འདི་གིས་ ཚོགས་རྒྱན་བསྐྱུར་མི་ཚུ་ལུ་ ད་རེས་ གདམ་ངོ་སྒྲུབ་སྟེ་ཡོད་མི་ མི་ངོམ་འདི་ལུ་ ཚོགས་རྒྱན་བཙུགས་དགོཔ་སྦེ་ རྒྱུད་བསྐུལ་འབད་མི་དང་ ཉོག་བཤད་བཀོད་མི་འདི་ལས་ ནང་གསུག་ དངུལ་ཀྲམ་སྟོང་ཕྲག་༢༥དགོ་ཟེར་ སླབ་ཏེ་ཡོད་མི་གི་ ཁ་ཉེས་ཕོག་སྟེ་འདུག

འདི་འབདཝ་ལས་ ཉོག་བཤད་བཀོད་མི་འདི་གིས་ གནད་དོན་འདི་ལས་བརྟེན་ཏེ་ བཙག་འཐུ་སྒྲུབ་མ་ཚུགས་ཟེར་སླབ་ཨིན་པས།

ཨིན་རུང་ འདི་ལུ་ རྒཔོ་གིས་མི་བདེན་ཟེར་སླབ་དོ་ཡོདཔ་ད་ འདི་ཡང་ ཁོ་གིས་སླབ་མི་ནང་ ཁོ་ལས་ཏི་རུ་དགོཔ་སྦེ་སླབ་མི་འདི་ གདམ་ངོའི་འཛོམས་འདུ་གི་དོན་ལས་མེན་པར་ སྐྱིད་མ་བྱིན་ནི་སྦེ་ སླབ་ཅི་ཟེར་ཨིན་པས།