གཟའ་མིག་དམར། ༢༠༡༨ ཟླ་༧ པའི་སྤྱི་ཚེས་༡༦

བསམ་གྲུབ་ལྗོངས་མཁར་ལུ་ བྱ་ནད་ཁྱབ་སྤེལ་སོང་སྟེ་ཡོད་མི་འདི་ ཚད་འཛིན་འབད་ཚུགས་ཏེ་ཡོདཔ།

སྤྱི་ཟླ་༣ པའི་ཚེས་ ༡༦ ༢༠༡༨

༉ རྒྱལ་ཡོངས་སྒོ་ནོར་གསོ་བའི་ལྟེ་བ་གིས་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ ཟངས་མདོག་དཔལ་རི་གི་ ས་སྒོ་ནང་ལུ་ བྱ་ནད་ཁྱབ་སྤེལ་སོང་སྟེ་ཡོད་མི་འདི་ ཚད་འཛིན་འབད་ཚུགས་ཏེ་འདུག

སྒོ་ནོར་འགོ་དཔོན་ཚུ་གིས་སླབ་མི་ནང་ ད་རེས་ བསམ་གྲུབ་ལྗོངས་མཁར་ལུ་ བྱ་ཚུ་ཤི་ཡོད་པའི་ སྙན་ཞུ་མེད་པའི་ཁར་ ནད་གཞི་འདི་ མི་ལུ་འབོ་ཡོད་པའི་གནད་དོན་ཚུ་ཡང་ ག་ནི་ཡང་མེད་ཟེར་བཤད་ཅི།

ས་གནས་འདི་ནང་ བྱ་ནད་འཐོན་པའི་ཤུལ་མ་ ནད་གཞི་ཁྱབ་སྤེལ་འགྱོ་ནི་ལས་ བཀག་ཐབས་འབད་ནི་གི་དོན་ལུ་ བྱ་ཚུ་བསད་ནི་ལས་འགོ་བཙུགས་ཏེ་ ཐབས་ལམ་ཚུ་བཏོན་ཡོདཔ་ཨིན་པས།

འདི་བཟུམ་སྦེ་ ནད་གཞི་འདི་ རྫོང་ཁག་གཞན་མི་ཚུ་ནང་ལས་ཕར་ དར་ཁྱབ་མི་འགྱོ་ནི་གི་དོན་ལས་ རྒྱ་འབྲུག་ས་མཚམས་ཀྱི་འཛུལ་སྒོ་དང་ སྤུན་གཅིག་ན་འགེགས་སྲུང་ཁ་ལས་ཕར་ རྒྱལ་ཁབ་ཀྱི་ས་སྒོ་ནང་འོང་མི་ སྣུམ་འཁོར་ཚུ་ལུ་ སྨན་གཏོར་ནི་གི་ ས་སྒོ་ཚུ་ཡང་ བཟོ་སྟེ་ཡོདཔ་ཨིན་པས།

སྒོ་ནོར་འགོ་དཔོན་ཚུ་ལུ་ བྱ་ཚུ་ཤི་ཡོད་པའི་སྐོར་ལས་ འདས་པའི་གཟའ་ལྷགཔ་གི་ཚེ་ སྙན་ཞུ་འབད་དེ་ཡོདཔ་ད་ ནད་གཞི་འདི་ལས་བརྟེན་ཏེ་ བྱ་༣༦དེ་ཅིག་ ཤི་ཡོདཔ་ད་ བྱ་ནད་འཐོབ་མི་ བྱ་ཚུ་ཡང་ ཟངས་མདོག་དཔལ་རི་གི་ ས་སྒོ་ནང་ལུ་ ཚེ་ཐར་བཏང་མི་བྱ་ཚུ་ཨིན་པས།

འདི་ལུ་ འགོ་དཔོན་ཚུ་གིས་སླབ་མི་ནང་ བྱ་ཚུ་ཡང་ མི་ཚུ་གིས་ འབྲེལ་ཡོད་དབང་འཛིན་ཚུ་ལུ་ སྙན་ཞུ་མ་འབད་བར་ ས་མཚམས་ཀྱི་ས་སྒོ་ཚུ་ནང་ལས་ འབག་འོང་སྟེ་འདུག་ཟེར་བཤད་ཅི།

འདི་བཟུམ་སྦེ་ ཟངས་མདོག་དཔལ་རིའི་ དཀོན་གཉེར་གྱིས་སླབ་མི་ནང་ ས་སྒོ་འདི་ནང་ལུ་ བྱ་ཚུ་ཚེ་ཐར་བཏང་ཡོད་པའི་སྐོར་ལས་ མི་ཚུ་གིས་ འཕྲལ་འཕྲལ་ལས་བརྒལ་ མི་སླབ་པས་ཟེར་ཨིན་པས།

ས་གནས་འདི་ནང་ བྱ་ནད་འདི་ཡང་ འདས་པའི་བདུན་ཕྲག་ནང་ འཐོན་ཏེ་ཡེདཔ་སྦེ་ སྙན་ཞུ་འབད་ཡོདཔ་ཨིན་པས།