གཟའ་སྤེན་པ། ༢༠༡༩ ཟླ་༤ པའི་སྤྱི་ཚེས་༡༩

མཁོ་ཀློང་ཆུ་གློག་མེ་ལས་འགུལ་གྱི་ས་སྒོ་ནང་ གས་རྫས་གས་མི་འདི་གིས་ གནོད་སྐྱོན་རྐྱབ་མི་ཚུ་ལུ་ ཞིབ་དཔྱད་འབད་དོ་ཡོདཔ།

སྤྱི་ཟླ་༣ པའི་ཚེས་ ༡༦ ༢༠༡༨

༉ བཀྲིས་གཡང་རྩེ་རྫོང་ཁག་ ཁམས་དྭངས་རྒེད་འོག་ དཀོན་མཆོག་གླིང་གཡུས་ཁའི་མི་སེར་ཚུ་གིས་ མཁོ་ཀློང་ཆུ་གློག་མེ་ལས་འགུལ་ལུ་ ལས་འགུལ་གྱི་ས་སྒོ་ནང་ གས་རྫས་གཏོར་མི་འདི་གིས་ ཁོང་རའི་ཁྱིམ་ཚུ་ལུ་ གནོད་སྐྱོན་རྐྱབ་སྟེ་ཡོདཔ་སྦེ་ ཁ་ཉེས་བཀལ་མི་གི་ཐད་ཁར་ ད་རེས་ ལས་འགུལ་གྱིས་ ཞིབ་དཔྱད་ཚུ་འབད་བའི་བསྒང་ར་འདུག

འབྲུག་སླར་འབྱུང་གློག་མེ་ལས་འཛིན་ནང་ལས་ མཁས་པ་སྡེ་ཚན་ཅིག་གིས་ གས་རྫས་གཏོར་མི་ལུ་བརྟེན་ གནོད་སྐྱོན་རྐྱབ་སྟེ་ཡོདཔ་སྦེ་ ཉོག་བཤད་བཀོད་མི་ ཁྱིམ་གྱི་ས་སྒོ་ཚུ་ནང་ལས་ཕར་ ལས་འགུལ་གྱི་ས་སྒོ་ནང་ལུ་ གས་རྫས་གཏོར་བའི་སྐབས་ ཤུགས་ཚད་ག་དེ་ཅིག་ སྤར་དོ་ཡོདཔ་ཨིན་ན་ཚུ་ བལྟ་བའི་བསྒང་ར་འདུག

འདི་བཟུམ་སྦེ་ ས་སྒོ་འདི་ནང་ཡོད་པའི་ ལམ་བདའ་སྟེ་ སྣུམ་འཁོར་ཆེ་བ་ཚུ་ རྒྱུན་འགྲུལ་འཐབ་པའི་སྐབས་ ཤུགས་ཚད་ཚུ་གི་སྐོར་ལས་ཡང་ ཞིབ་དཔྱད་ཚུ་འབད་ནུག

གནོད་སྐྱོན་བྱུང་སྟེ་ཡོདཔ་སྦེ་ ཉོད་བཤད་བཀོད་མི་ ཁྱིམ་ཚུ་ཡང་ གཞུང་ལམ་ཁ་ལས་ མི་ཀྲར་དག་པ་ཅིག་གི་ས་ཁར་ཡོདཔ་ཨིནམ་ད་ ད་རེས་ ས་སྒོ་འདི་ནང་ལུ་ བརྟག་དཔྱད་ཁག་༣འབད་ཚར་ཏེ་འདུག

ན་ཧིང་ ལོ་བར་ཁམས་ཅིག་ཁར་ གཡུས་ཚན་འདི་ནང་གི་ ཁྱིམ་གུང་པ་༣༠དེ་ཅིག་གིས་ ལས་འགུལ་གྱི་ས་སྒོ་ནང་ལུ་ གས་རྫས་ལག་ལེན་འཐབ་པའི་ཤུལ་མ་ ཁྱིམ་གྱི་གྱང་ཚུ་གུར་ གག་བགྲམ་ཕོག་ནི་ འགོ་བཙུགས་ཏེ་ཡོདཔ་སྦེ་ ཉོག་བཤད་བཀོད་དེ་ཡོདཔ་ཨིན་པས།

གནད་དོན་འདི་གི་སྐོར་ལས་ ལས་འགུལ་གྱི་འགོ་དཔོན་ཚུ་གིས་སླབ་མི་ནང་ ཁ་ཉེས་བཀལ་མི་གི་གནད་དོན་ཚུ་ བདེན་པ་ཨིནམ་སྦེ་འཐོན་སོང་པ་ཅིན་ རྒུད་འཐུས་སྤྲོད་འོང་ཟེར་བཤད་ཅི།

ད་རེས་ བརྟག་དཔྱད་འབད་ཡོད་པའི་ གྲུབ་འབྲས་ཚུ་ མ་འཐོན་པར་ཡོདཔ་ཨིནམ་ད་ ལས་འགུལ་གྱི་ས་སྒོ་ནང་ལུ་ གས་རྫས་ལག་ལེན་འཐབ་མི་འདི་གིས་ ཁོང་གི་ཁྱིམ་ཚུ་ལུ་ གནོད་སྐྱོན་རྐྱབ་སྟེ་ཡོད་པའི་སྐོར་ལས་ ན་ཧིང་ ཉོག་བཤད་བཀོད་ཡོདཔ་ཨིན་པས།

དཀོན་མཆོག་གླིང་གཡུས་ཚན་འདི་ མཁོ་ཀློང་ཆུ་གློག་མེ་ལས་འགུལ་གྱི་ གདོང་སྐོར་སྦེ་ ཆགས་ཏེ་འདུག