གཟའ་ཕུར་བུ། ༢༠༡༨ ཟླ་༡༢ པའི་སྤྱི་ཚེས་༡༢

ཐིམ་ཕུག་ལུ་ རྒྱལ་ཡོངས་འཕྲུལ་རིག་གི་ཐོག་ལུ་ གནས་སྐབས་བརྗེ་སོར་གྱི་ལས་རིམ་འདི་ འགོ་བཙུགས་ཡོདཔ།

སྤྱི་ཟླ་༣ པའི་ཚེས་ ༡༦ ༢༠༡༨

༉ ཐིམ་ཕུག་ལུ་ ཁ་ཙ་ འགོ་དང་པ་ ཊེཀ་ཨིསི་ཀྲར་ཨིསི་ཀྲཊ་ཨཔ་ཝི་ཀེནཌ་ཟེར་ རྒྱལ་ཡོངས་འཕྲུལ་རིག་གི་ཐོག་ལུ་ གནས་སྐབས་བརྗེ་སོར་གྱི་ལས་རིམ་འདི་ ད་རིས་ལས་ འགོ་བཙུགས་ཏེ་འདུག

ལས་རིམ་འདི་ནང་ལུ་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་འོག་ལུ་ཡོད་པའི་ མཐོ་རིམ་སློབ་གྲྭ་༧གྱི་ནང་ལས་ སློབ་ཕྲུག་༡༥༠ལྷགཔ་ཅིག་གིས་ གྲལ་ཁར་གཏོགས་དོ་ཡོདཔ་ཨིན་པས།

རྒྱལ་ཡོངས་ལས་རིམ་གྱི་དོན་ལས་ ལས་རིམ་འདི་ནང་ བཅའ་མར་གཏོགས་མི་ མཐོ་རིམ་སློབ་གྲྭ་རེ་རེ་ལས་ གནས་སྐབས་དྲག་ཤོས་༢༠རེ་ གདམ་འཐུ་འབད་དེ་ཡོདཔ་ད་ གནས་སྐབས་འདི་ཚུ་ཡང་ ནངས་པ་གསལ་སྟོན་འབད་ནི་ཨིན་པས།

ལས་རིམ་འདི་ནང་ བཅའ་མར་གཏོགས་མི་ཚུ་གི་གྲལ་ཁར་ རྒྱབ་ཁུངས་མ་འདྲཝ་ཚུ་ཡོད་པའི་ ན་གཞོན་༢༤གིས་ཡང་ གྲལ་ཁར་གཏོགས་ཏེ་འདུག

འདི་བཟུམ་སྦེ་ ལས་རིམ་གྱི་སྐབས་ལུ་ ཁོང་མི་ངོམ་རེ་གིས་ རང་སོའི་གནས་སྐབས་ཚུ་ གསལ་སྟོན་འབད་ནི་གི་དོན་ལས་ དུས་ཡུན་སྐར་མ་༡དེ་རེ་ཐོབ་ནི་ཨིན་པས།

འདི་གི་ནང་ལས་ དྲག་ཤོས་༢༠འདི་ ཚོགས་རྒྱན་བཙུགས་ཏེ་སྦེ་ གདམ་འཐུ་འབད་ནི་གི་ལས་རིམ་འདུག

དེ་ལས་ ལས་རིམ་འདི་གི་ ཤུལ་མའི་ཉིནམ་༢ཀྱི་རིང་ བཅའ་མར་གཏོགས་མི་ཚུ་གིས་ གནས་སྐབས་འདི་ཚུ་གི་ཐོག་ལུ་ སྡེ་ཚན་ནང་སྦེ་ འདྲ་གཟུགས་དང་ ཚོང་འབྲེལ་གྱི་བཟོ་བཀོད་ཚུ་ བཟོ་ནི་ཨིན་མས།

འདི་ཚུ་གི་གྲལ་ལས་ གནས་སྐབས་དྲག་ཤོས་༥གི་གྲལ་ཁར་ཚུད་མི་ཚུ་ལུ་ དངུལ་རྐྱང་གི་གསོལ་རས་ འབུམ་༡ལས་༨ཀྱི་བར་ན་ བྱིན་ནི་ཨིན་པས།

ཉིནམ་༥གི་ལས་རིམ་འདི་ཡང་ བརྒྱུད་འབྲེལ་ལྷན་ཁག་གིས་ འགོ་འདྲེན་འཐབ་དོ་ཡོདཔ་ད་ མ་དངུལ་ཐོབ་ཅིན་ ལས་རིམ་འདི་ ལོ་བསྟར་བཞིན་དུ་རང་ འགོ་འདྲེན་འཐབ་ནི་གི་ རེ་བ་འདུག