གཟའ་ལྷག་པ། ༢༠༡༨ ཟླ་༡༢ པའི་སྤྱི་ཚེས་༡༨

ཁོ་ལོང་ཆུ་གློག་མེ་ལས་འགུལ་བཟོ་བསྐྲུན་གྱི་ ལཱ་སྦོམ་ཚུ་འབད་མ་ཚུགསཔ།

སྤྱི་ཟླ་༣ པའི་ཚེས་ ༡༥ ༢༠༡༨

༉ བཀྲིས་གཡང་རྩེ་ མཁོ་ཀློང་ཆུ་གློག་མེ་ལས་འགུལ་དབང་འཛིན་དང་ གཞུང་གི་བར་ན་ གན་ཡིག་གུ་ལུ་ མཚན་རྟགས་བཀོད་མ་ཚུགས་པར་ཡོདཔ་ལས་ ལས་འགུལ་འདི་ནང་ལུ་ བཟོ་བསྐྲུན་གྱི་ལཱ་སྦོམ་འདི་ཚུ་ འབད་མ་ཚུགས་པར་འདུག

ཨིན་རུང་ གློག་མེ་ལས་འགུལ་གྱི་ས་ཁོངས་འདི་ནང་ལུ་ ཟམ་རྐྱབ་ནི་དང་ འཁོར་ལམ་སེལ་ནི་གི་ལཱ་ཚུ་ འབད་ཚར་ཏེ་ཡོདཔ་ལས་ ད་རེས་ གློག་མེ་ཨམ་ཆུང་བ་རྐྱབ་ནི་གི་ལཱ་ཚུ་ འབད་བའི་བསྒང་རང་ཡོདཔ་ལས་ ལཱ་འདི་ཚུ་ཡང་ ཟླཝ་གཅིག་དང་ གཉིས་དེ་ཅིག་གི་ནང་འཁོད་ལུ་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོདཔ་སྦེ་བཤད་ཅི།

ཕྲལ་ཁམས་ཅིག་ཁར་ བརྡ་བརྒྱུདཔ་ཚུ་དང་ཕྱད་གནང་པའི་སྐབས་ བསྟན་རྒྱས་བློན་པོ་ ལེགས་སྐྱིད་རྡོ་རྗེ་གིས་གསུང་མི་ནང་ གན་ཡིག་འདི་གུ་ མཚན་རྟགས་བཀོད་མ་ཚུགས་པར་ལུས་ཏེ་ཡོད་མི་འདི་ རྒྱ་གར་གཞུང་གིས་ ས་མཚམས་རྒྱལ་ཁབ་བདའ་གློག་མེ་ཚོང་འབྲེལ་འཐབ་ནི་གི་ ལམ་སྟོན་གསརཔ་ཅིག་ སྤྱི་ལོ་༢༠༡༦་གི་སྤྱི་ཟླ་༡༢་པའི་ནང་ལུ་ གསར་བཏོན་འབད་མི་འདི་ ཚོང་འབྲེལ་གྱི་གནད་དོན་ལ་ལུ་ སྟབས་མ་བདེཝ་མཚམས་ ཡོད་ནི་འདི་གིས་ཨིན་ཟེར་གསུང་ཡི།

ད་རུང་ བསྟན་རྒྱས་བློན་པོ་གིས་འབད་བ་ཅིན་ རྒྱ་གར་གྱི་ནུས་ཤུགས་དྲུང་ཆེན་གྱིས་ རྒྱ་འབྲུག་གཉིས་ཀྱི་བར་ན་ གློག་མེ་གི་ཚོང་འབྲེལ་ཐད་ཁར་ སྟབས་མ་བདེཝ་ག་ནི་ཡང་ མི་ཐོན་ཟེར་སླབ་སྟེ་ ཡོདཔ་སྦེ་གསུང་ཡི།

ལམ་སྟོན་འདི་ལས་བརྟེན་ཏེ་ སྟབས་མ་བདེཝ་ཡོད་མི་འདི་ཚུ་ བསྐྱར་ཞིབ་འབད་ནི་གི་དོན་ལས་ རྒྱ་གར་གཞུང་གིས་ ཚོགས་ཆུང་གཅིག་ གཞི་བཙུགས་འབད་ནུག

གན་ཡིག་འདི་གུ་མཚན་རྟགས་བཀོད་ཚུགས་པ་ཅིན་ གློག་མེ་ལས་འགུལ་བཟོ་བསྐྲུན་གྱི་ ལཱ་མཇུག་བསྡུ་བ་ལུ་ ཟླཝ་ངོ་༥༩་ལས་བརྒལ་ མི་འགོར་ནི་ཨིན་མས།

མཁོ་ཀློང་ཆུ་གློག་མེ་ལས་འགུལ་འདི་ འབྲུག་སླར་བྱུང་གློག་མེ་ལས་འཛིན་དང་ སཊ་ལུཇ་ཇཱལ་བྷིཌ་ཡུཊ་ནཱི་གཱམ་ཟེར་མི་ རྒྱ་གར་གྱི་ལས་སྡེ་༢་ཀྱི་ མཉམ་འབྲེལ་ལས་འགུལ་ཅིག་འབདཝ་ལས་ བརྒྱ་ཆ་༥༠་རེ་ བགོ་བཤའ་འཆང་ནི་ཨིན་མས།

མཁོ་ཀློང་ཆུ་གློག་མེ་ལས་འགུལ་གྱི་ ས་གོ་འདི་ནང་ལུ་ བཟོ་བསྐྲུན་གྱི་ལཱ་ཚུ་ཡང་ སྤྱི་ལོ་༢༠༡༥་ལས་ འགོ་བཙུགས་ནུག