གཟའ་ལྷག་པ། ༢༠༡༨ ཟླ་༡༢ པའི་སྤྱི་ཚེས་༡༨

ཤིང་འབྲས་ཀྱི་ལྕངམ་ཚུ་ བཏོན་ནི་གི་ ལཱ་ལས་བརྟེན་འོང་འབབ།

སྤྱི་ཟླ་༣ པའི་ཚེས་ ༡༣ ༢༠༡༨

 

༉ གྲོང་གསེབ་ཚུ་ནང་ལས་ཕར་སྡོད་མི་ མི་སེར་སོ་ནམ་པ་མང་ཤོས་ཅིག་གིས་རང་ ལོ་ཐོག་དང་ ཚོད་བསྲེ་གི་ལཱ་འདི་ཚུ་འབད་དེ་ སྡོད་དོ་ཡོདཔ་ཨིན།

ཨིན་རུང་ མོང་སྒར་རྫོང་ཁག་ སྐྱེངས་མཁར་རྒེད་འོག་ ཡུལ་གདའ་རི་གི་གཡུས་ཚན་ནང་ལས་ སྐྱེས་ལོ་༤༢་ལང་མི་ ཀུན་བཟང་འགྱུར་མེད་ཀྱིས་ ཤིང་འབྲས་ཀྱི་ལྕངམ་ཚུ་ བཏོན་ནི་གི་ལཱ་འབད་དེ་ ལོ་༡༠་དེ་ཅིག་སོང་ནུག

འདི་འབདཝ་ལས་ ཁོ་གིས་ བཟའ་ཚང་ཚུ་ ལྕངམ་ཚུ་བཏོན་བཞིན་ན་ ཚོང་འབྲེལ་འཐབ་སྟེ་སྦེ་ འཚོ་བ་སྐྱོང་ཚུགས་ཏེ་འདུག

ཧེ་མ་ལྕངམ་བཏོན་ནི་གི་ལཱ་འདི་ ལྡུམ་ར་ཆུང་ཀུ་ཅིག་ནང་ལས་ འགོ་བཙུགས་ཡོདཔ་ཨིན་རུང་ སྤྱི་ལོ་༢༠༡༦་ལུ་ ཁོ་གིས་ སྦྱོང་བརྡར་ལེ་ཤ་ཅིག་རང་འབད་བའི་ཤུལ་མ་ ད་རེས་ ལྕམ་བཏོན་ནི་གི་ལཱ་འདི་ རྒྱ་བསྐྱེད་འབད་ཚུགས་ཏེ་འདུག

ཀུན་བཟང་འགྱུར་མེད་ཀྱིས་ ད་རེས་ ཆ་རོགས་གཞན་མི་གཉིས་དང་ཆ་ ཤིང་འབྲས་ཀྱི་རིགས་ ཁམ་དང་ཅུ་གླི་ དེ་ལས་ གླི་གི་ལྕམ་ཚུ་བཏོན་ནི་གི་ལཱ་ཚུ་ འབདཝ་ཨིན་མས།

 ཁོང་ཆ་ཁྱབ་ཀྱིས་ ཤིང་འབྲས་ཀྱི་ལྕངམ་སྟོང་ཕྲག་༥་ལྷགཔ་ཅིག་བཏོན་མི་ནང་ལས་ ལྕངམ་སྟོང་ཕྲག་༡་འདི་ ད་ལྟོ་ལས་རང་ བཙོང་ཚར་ཏེ་འདུག

ཀུན་བཟང་འགྱུར་མེད་ཀྱིས་ ཤིང་འབྲས་ཀྱི་ལྕངམ་ལེ་ཤ་སྦེ་ བཙུགས་ནི་གི་ རེ་བ་ཡོདཔ་སྦེ་ཨིན་རུང་ ས་གཞི་མེདཔ་ལས་ ལཱ་ཚུ་འབད་མ་ཚུགས་ཟེར་བཤད་ཅི།

ཁོ་གིས་སླབ་མི་ནང་ སོན་ས་ཁར་བཙུགས་བཞིན་ན་ ལྕངམ་འདི་ཚུ་ མ་བཙོང་པའི་ཧེ་མ་ ས་སྒོ་གཞན་ཁར་ སྤོ་སྟེ་བཙུགས་ནི་གི་དོན་ལུ་ ལོ་༢་དེ་ཅིག་ འགོརཝ་མས་ཟེར་བཤད་ཅི།

ཀུན་བཟང་འགྱུར་མེད་དང་ ཁོ་གི་ཆ་རོགས་ཚུ་གིས་ ན་ཧིང་ ལྕངམ་འདི་ཚུ་བཙོང་བཞིན་ན་ འོང་འབབ་དངུལ་ཀྲམ་ སྟོང་ཕྲག་༧༥་དེ་ཅིག་ བཟོ་ཚུགས་ནུག

ཁོང་ཆ་ཁྱབ་ཀྱིས་ ལྕངམ་ཚུ་ཡང་ རྫོང་ཁག་སོ་ནམ་ཡིག་ཚང་ནང་ལུ་ བཙོང་དོ་ཡོདཔ་ད་ ལྕམ་འདི་ཚུ་ཡང་ ཡིག་ཚང་འདི་གིས་སྦེ་ གཞན་ཁ་ལུ་ གོ་བཀྲམ་འབདཝ་ཨིན་མས།

ཀུན་བཟང་གིས་ ད་རེས་ ཁོ་ར་བཟུམ་སྦེ་ སེམས་ཤུགས་ཐོབ་བཅུག་ནི་གི་དོན་ལུ་ གཡུས་ཁའི་མི་གཞན་མི་ཚུ་ལུ་ཡང་ སྦྱོང་བརྡར་ཚུ་ འབྱིན་དོ་ཡོདཔ་ཨིན་མས།