གཟའ་མིག་དམར། ༢༠༡༨ ཟླ་༧ པའི་སྤྱི་ཚེས་༡༦

རྒྱ་འབྲུག་གཉིས་ཀྱི་ ཟུང་ཕྱོགས་སྣུམ་འཁོར་རྒྱུག་འགྲན་འདི་ མཇུག་བསྡུ་ཡོདཔ།

སྤྱི་ཟླ་༣ པའི་ཚེས་ ༡༢ ༢༠༡༨

༉ རྒྱ་འབྲུག་༢ཀྱི་བར་ནའི་ ཟུང་ཕྱོགས་སྣུམ་འཁོར་རྒྱུག་འགྲན་གྱི་ལས་རིམ་ ཐེངས་༦པ་འདི་ ད་རིས་ འགྲན་བསྡུར་ནང་ བཅའ་མར་གཏོགས་མི་ཚུ་ལུ་ གསོལ་རས་ཚུ་བྱིན་ཏེ་ མཇུག་བསྡུ་ནུག

སྣུམ་འཁོར་རྒྱུག་འགྲན་འདི་ཡང་ དུས་ཅི་ རྒྱ་འབྲུག་༢ཀྱི་བར་ན་ དོན་གཅོད་ཀྱི་མཐུན་ལམ་ གཞི་བཙུགས་འབད་དེ་ མི་ལོ་༥༠འཁོར་བའི་དུས་སྟོན་ བརྩི་སྲུང་ནི་གི་དོན་ལས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

རྟེན་འབྲེལ་གྱི་མཛད་སྒོ་དང་འཁྲིལ་ཏེ་ རྒྱུག་འགྲན་གྱི་ལས་རིམ་འདི་ཡང་ གུ་ཝ་ཧ་ཊི་དང་ སྒང་ཏོག་ དེ་ལས་ ཀཱོལ་ཀ་ཊ་དང་ ཨི་ཊ་ན་གར་ འདི་བཟུམ་སྦེ་ ཕུན་ཚོགས་གླིང་ལས་ བཅའ་མར་གཏོགས་མི་ཚུ་གིས་ སི་ལུ་གུ་རི་ལས་སྦེ་ རྒྱུག་འགྲན་ངོ་མ་འདི་ འགོ་བཙུགས་ཡོདཔ་ད་ ཁ་ཙ་ ཐིམ་ཕུག་ལུ་ལྷོད་དེ་ཡོདཔ་ཨིན་པས།

སྣུམ་འཁོར་རྒྱུག་འགྲན་གྱི་ལས་རིམ་ནང་ལུ་ མི་༣༠དེ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ད་ ཁོང་ཆ་ཁྱབ་ཀྱིས་ དམག་སྡེའི་དབྱེ་ཁག་དང་ ཨམ་སྲུའི་སྡེ་ཚན་ དེ་ལས་ ཨིསི་ཀྲོག་དང་ སྤྱིར་བཏང་གི་དབྱེ་ཁག་༤གི་ནང་ལུ་ འགྲན་བསྡུར་ཚུ་ འབད་ཡོདཔ་ཨིན་པས།

དམག་སྡེའི་དབྱེ་ཁག་ནང་ལས་ འབྲུག་པའི་སྡེ་ཚན་གྱིས་ ཨང་དང་པ་འཐོན་ཏེ་ དངུལ་ཀྱང་གི་གསོལ་རས་ རུ་པི་སྟོང་ཕྲག་༡༥ཐོབ་ནུག

འདི་བཟུམ་སྦེ་ སྤྱིར་བཏང་གི་དབྱེ་ཁག་ནང་ལས་ རྒྱ་གར་ལས་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་མི་དང་འབྲེལ་ དངུལ་ཀྱང་གི་གསོལ་རས་ རུ་པི་སྟོང་ཕྲག་༩༠ཐོབ་ཡོདཔ་ཨིན་མས།

རྒྱུག་འགྲན་གྱི་ལས་རིམ་འདི་ཡང་ དུས་ཚོད་དང་ཤུགས་ཚད་ དེ་ལས་ ལམ་ཐག་ཚུ་གུར་གཞི་བཞག་སྟེ་ གསོལ་རས་ཚུ་བྱིན་ནུག

རྒྱ་འབྲུག་མཐུན་འབྲེལ་ཚོགས་པའི་ གཙོ་འཛིན་པྲ་ཏིམ་ཅའོ་དྷ་རི་གིས་སླབ་མི་ནང་ དུས་ཅི་གི་ལོ་འདི་ རྒྱ་འབྲུག་༢ཀྱི་བར་ན་ དོན་གཅོད་མཐུན་ལམ་འདི་ གཞི་བཙུགས་འབད་དེ་ མི་ལོ་༥༠འཁོར་བའི་ དུས་སྟོན་ཅིག་ཨིན་མི་དང་འབྲེལ་ མི་སེར་ཚུ་མཐུད་འབྲེལ་འབད་ཚུགས་མི་ སྣུམ་འཁོར་རྒྱུག་འགྲན་གྱི་ལས་རིམ་ འགོ་འདྲེན་འཐབ་ཚུགས་མི་ལུ་ སྤྲོ་བ་འབྱུང་ཡི་ཟེར་བཤད་ཅི།

ད་རུང་ ཁོ་གིས་བཀོད་མི་ནང་ ལས་རིམ་འདི་ལས་བརྟེན་ འབྲུག་དང་ ཨཱ་ལུ་ན་ཅཱལ་པྲཱ་དེཤ་ དེ་ལས་ ཨཱ་སཱམ་དང་སི་ཀིམ་ འདི་བཟུམ་སྦེ་ ནུབ་བཱེང་གཱལ་གྱི་ ཁྱིམ་ཚང་མངའ་སྡེ་ཚུ་དང་ མཐུད་འབྲེལ་འབད་ཚུགས་ཏེ་ཡོདཔ་ལས་ ཁྱད་པར་ཅན་ཅིག་ཨིན་ཟེར་བཀོད་ནུག

ད་རེས་ཀྱི་འགྲན་བསྡུར་ ངོ་མའི་ནང་ལུ་ བཅའ་མར་གཏོགས་མི་༣༠གིས་ ལམ་ཀི་ལོ་མི་ཀྲར་༥༠༠ལྷགཔ་ཅིག་ནང་ འགྲན་བསྡུར་འབད་ཡོདཔ་ཨིན་རུང་ དུས་ཅི་ འགྲན་བསྡུར་འདི་ནང་ལུ་ འབྲུག་གི་ཁ་ཐུག་ལས་ བཅའ་མར་གཏོགས་མི་༢ལས་བརྒལ་མེདཔ་ཨིན་པས།

འདི་ལུ་ རྒྱ་འབྲུག་མཐུན་འབྲེལ་ཚོགས་པའི་ ལས་རིམ་དྲུང་ཆེན་ འཇིགས་མེད་འབྲུག་པ་གིས་སླབ་མི་ནང་ རྒྱུག་འགྲན་འདི་ནང་ འབྲུག་ལས་བཅའ་མར་གཏོགས་མི་ དེ་ཅིག་རང་མ་འཐོན་མི་འདི་ སྣུམ་འཁོར་རྒྱུག་འགྲན་འདི་ འབྲུག་རྒྱལ་ཁབ་ནང་ལུ་ ཡོངས་གྲགས་མེད་པའི་ཁར་ ལམ་རིམ་འདི་ནང་ དོ་འགྲན་འབད་ནི་གི་དོན་ལས་ འཐུས་ཚུ་སྤྲོད་དགོཔ་འཐོན་མི་ལས་བརྟེན་ཏེ་ ཨིན་མས་ཟེར་བཤད་ཅི།

རྒྱུག་འགྲན་གྱི་ལས་རིམ་འདི་ཡང་ རྒྱ་འབྲུག་གཉིས་ཀྱི་བར་ན་ མཐུན་ལམ་དམ་ཟབ་ཡོདཔ་ལས་ སྤྱི་ལོ་༢༠༠༧ ལས་ཚུར་ རྒྱ་འབྲུག་མཐུན་འབྲེལ་ཚོགས་པ་གིས་ འགོ་འདྲེན་འཐབ་ནི་ འགོ་བཙུགས་ཏེ་འདུག