གཟའ་མིག་དམར། ༢༠༡༨ ཟླ་༡༠ པའི་སྤྱི་ཚེས་༡༥

རྩི་རང་རྫོང་ཁག་ འགྲམ་ཕུག་ཁྲོམ་ནང་ སི་སི་ཀྲི་བི་གི་པར་ཆས་ཚུ་བཙུགས་ཏེ་ཡོདཔ།

སྤྱི་ཟླ་༣ པའི་ཚེས་ ༩ ༢༠༡༨

༉ རྒྱལ་ཁབ་ཀྱི་ཁྲོམ་ལ་ལུ་ཅིག་ནང་ལས་ཕར་ གནད་དོན་མ་འདྲཝ་ཚུ་གི་དོན་ལས་ སི་སི་ཀྲི་བི་གི་པར་ཆས་ཚུ་ བཙུགས་ཏེ་ཡོད་མི་དང་འབྲེལ་ རྩི་རང་རྫོང་ཁག་ འགྲམ་ཕུག་ཁྲོམ་ནང་ལུ་ཡང་ པར་ཆས་ཚུ་བཙུགས་ཏེ་ ད་རེས་འབདཝ་ད་ ཟླཝ་༥དེ་ཅིག་འགྱོ་སྟེ་འདུག

ཁྲོམ་འདི་ནང་ལུ་ སི་སི་ཀྲི་བི་གི་པར་ཆས་ཚུ་ཡང་ ཁྲོམ་འདི་ནང་ ཚུལ་མིན་གྱི་ཐོག་ལས་ ཕྱགས་སྙིགས་བཀོག་མི་ཚུ་ ལྟ་རྟོག་འབད་ནི་གི་དོན་ལས་ བཙུགས་ཡོདཔ་ཨིན་པས།

ཁྲོམ་འདི་ནང་དང་ ཁྲོམ་གྱི་ས་སྒོ་ཚུ་ནང་ལས་ཕར་ དུས་ཡུན་ཆུ་ཚོད་༢༤གི་རིང་ ལྟ་རྟོག་འབད་ནི་གི་དོན་ལས་ སི་སི་ཀྲི་བི་གི་པར་ཆས་༧བཙུགས་ཏེ་ཡོདཔ་ཨིན་པས།

ཁྲོམ་འདི་ནང་ ཕྱགས་སྙིགས་དང་འབྲེལ་བའི་གནད་དོན་ཚུ་ ཁྲོམ་སྡེ་གིས་ལྟ་རྟོག་འབད་དོ་ཡོདཔ་ལས་ པར་ཆས་ཚུ་ ལྟ་རྟོག་འབད་ས་ཡང་ ཁྲོམ་སྡེའི་ཡིག་ཚང་ནང་ལུ་ བཙུགས་ཏེ་ཡོདཔ་ཨིན་པས།

འདི་ལུ་ འགྲམ་ཕུག་ཁྲོམ་སྡེ་གི་ བཟོ་རིག་གཙོ་འཛིན་འགོ་དཔོན་ ཚེ་དབང་བསྟན་འཛིན་གྱིས་སླབ་མི་ནང་ མི་སེར་ཚུ་གིས་ ཕྱགས་སྙིགས་ཚུ་བཀོག་སར་ འགོ་ཐོག་དང་པ་མཐོང་པ་ཅིན་ ཉེས་བྱ་དངུལ་ཀྲམ་༣༠༠བཀལ་ནི་དང་ ཐེངས་༢པ་མཐོང་པ་ཅིན་ དངུལ་ཀྲམ་༥༠༠རེ་བཀལ་ནི་ཨིནམ་ད་ ག་དེ་ཅིག་སྦེ་ ཁྲིམས་ལུགས་འདི་ལུ་ མ་གནས་པ་ཅིན་ རྫོང་ཁག་ཁྲིམས་ཀྱི་འདུན་ས་ལུ་ བཏང་འོང་ཟེར་བཤད་ཅི། 

ཐབས་ལམ་འདི་ཡང་ རྩི་རང་རྫོང་ཁག་ནང་ལུ་ སྤྱི་ལོ་༢༠༢༠གི་ནང་འཁོད་ ཕྱགས་སྙིགས་མ་པ་ལས་རང་ མེདཔ་སྦེ་བཟོ་ནི་གི་ དམིགས་གཏད་བསྐྱེད་མི་འདི་ སྒྲུབ་ཚུགས་ནི་གི་དོན་ལས་ཨིན་པས།

འདི་བཟུམ་སྦེ་ པར་ཆས་ཚུ་ བཙུགས་ཏེ་ཡོད་མི་ལུ་བརྟེན་ ཁྲོམ་འདི་ནང་སྡོད་མི་དང་ ཚོང་པ་ཚུ་ཡང་ བག་ཆགས་ཏོག་ཏོ་སྦེ་སོང་སྟེ་འདུག

ས་གནས་ནང་གི་མི་སེར་ཚུ་གིས་སླབ་མི་ནང་ མཐུན་རྐྱེན་འདི་ལས་བརྟེན་ཏེ་ ཁྲོམ་འདི་ནང་ ཕྱགས་སྙིགས་ག་ལྷོད་བཀོག་མི་གི་གནད་དོན་འདི་ མར་ཕབ་འབད་ནི་ལུ་ ཕན་ཐོགས་བྱུང་སྟེ་ཡོད་ཟེར་ཨིན་པས།

ལོ་ལྔ་འཆར་གཞི་༡༢པ་འགོ་བཙུགས་པའི་བསྒང་ལས་ རྫོང་ཁག་གི་ཁ་ཐུག་ལས་ ཕྱགས་སྙིགས་ཚུ་ ཕྱགས་སྙིགས་འཐོན་སའི་ས་སྒོ་ནང་ལས་རང་ ཕྱི་སེལ་རྐྱབ་དགོ་པའི་ལམ་ལུགས་ཚུ་ཡང་ དམ་དམ་སྦེ་རང་ ལག་ལེན་འཐབ་ནི་ཨིན་པས།

འདི་བཟུམ་སྦེ་ ས་གནས་འདི་ནང་ ན་གཞོན་ལཱ་གཡོག་མ་ཐོབ་པའི་གནད་དོན་ཚུ་ མར་ཕབ་འབད་ནི་གི་དོན་ལས་ ཕྱགས་སྙིགས་ཚུ་ བསྐྱར་བཟོ་འབད་སའི་ ལས་ཚན་ཚུ་ཡང་ སྒོ་ཕྱི་ནི་ཨིན་པས།