གཟའ་མིག་དམར། ༢༠༡༨ ཟླ་༧ པའི་སྤྱི་ཚེས་༡༦

གཞལ་སྒང་ལུ་ བ་མེན་ཚུ་གཅིག་ཁར་སྦེ་ རྩྭ་འབྲོག་ནང་བཏང་མི་འདི་གིས་ ཆུའི་རྐ་ལུ་ཐོ་ཕོག་པའི་ཚ་གྱང་ཡོདཔ།

སྤྱི་ཟླ་༣ པའི་ཚེས་ ༨ ༢༠༡༨

 

༉ གཞལ་སྒང་རྫོང་ཁག་ ཀྲོང་རྒེད་འོག་གི་མི་སེར་ཚུ་ རྒེད་འོག་འདི་ནང་ཡོད་པའི་ ལུང་ཕྱོགས་བ་མེན་གསོ་སྐྱོང་ལྟེ་བའི་ནང་གི་བ་མེན་ཚུ་ གཅིག་ཁར་སྦེ་ རྩྭ་འབྲོག་ནང་བཏང་མི་འདི་གིས་ ཆུའི་རྐ་ཚུ་ལུ་ ཐོ་ཕོག་ནི་མས་ཟེར་བའི་ ཚ་གྱང་ལང་སྟེ་འདུག

གནད་དོན་འདི་གི་སྐོར་ལས་ འཕྲལ་ཁམས་ཅིག་ཁར་ རྫོང་ཁག་ཚོགས་འདུ་ཚོགས་པའི་སྐབས་ལུ་ གྲོས་བསྡུར་ཚུ་བྱུང་ཡོདཔ་ཨིན་མས།

འདི་ཡང་ ནགས་ཚལ་དང་གླིང་ག་ཞབས་ཏོག་ལས་ཁུངས་ཀྱིས་ ཞིབ་འཇུག་ཅིག་འབད་མི་དང་འཁྲིལཔ་ད་ བ་མེན་ཚུ་ སྟབས་ཅིག་ཁར་ རྩྭ་ཟ་བར་བཏང་མི་འདི་གིས་ རྒེད་འོག་འདི་ནང་གི་ ཆུའི་རྐ་སྦོམ་ཤོས་༣ལུ་ ཐོ་ཕོག་ནི་གི་ཉེན་ཁག་ཡོདཔ་སྦེ་མཐོང་ནུག

ཀྲོང་རྒེད་འོག་གི་རྒཔོ་ དབང་རྒྱལ་གྱིས་ཞུ་མི་ནང་ ག་དེ་ཅིག་སྦེ་ གསེར་གཞོང་ལུ་ཡོད་པའི་ ཆུའི་རྐ་འདི་ སྲུང་སྐྱོབས་མ་འབད་བ་ཅིན་ མ་འོངས་པའི་ནང་ལུ་ ཀྲོང་རྒེད་འོག་ནང་ལུ་ འཐུང་ཆུ་མ་ལང་པའི་ དཀའ་ངལ་འདི་ རྒྱ་ཆེཝ་སྦེ་རང་ འཐོན་ནི་ཨིནམ་ལས་ ད་རེས་ ཆུའི་རྐ་ལུ་ཡོད་པའི་ བ་མེན་གསོ་སྐྱོང་ལྟེ་བ་འདི་ ས་གནས་གཞན་ཁར་ལུ་ སྤོ་དགོཔ་འདུག་ཟེར་ཞུ་ནུག

འདི་བཟུམ་སྦེ་ ཚོགས་འདུའི་འཐུས་མི་ལ་ལུ་ཅིག་གིས་ ལྟེ་བ་འདི་ ས་གནས་གཞན་ཁར་སྤོ་ནི་གི་ གྲོས་འཆར་ཕུལ་ཡོདཔ་ཨིན་རུང་ ལ་ལུ་ཅིག་གིས་ དེ་དང་བསྟུན་པའི་ གདོང་ལེན་ཚུ་གི་སྐོར་ལས་ཡང་ ཞུ་ཡོདཔ་ཨིན་མས།

རྫོང་ཁག་ཚོགས་འདུ་གིས་ ལྟེ་བ་འདི་ ས་གནས་གཞན་ཁར་སྤོ་ནི་གི་དོན་ལས་ སོ་ནམ་ལྷན་ཁག་ལུ་ གྲོས་འདེབས་མ་ཕུལ་བའི་ཧེ་མ་ ས་ཆ་ངོས་འཛིན་དང་ དེ་དང་བསྟུན་པའི་ ཐབས་ལམ་ཚུ་གི་སྐོར་ལས་ ཤུལ་མའི་ཚོགས་ཐེངས་ནང་ལུ་ གྲོས་བསྡུར་འབད་ནི་སྦེ་ གྲོས་ཐག་བཅད་དེ་འདུག

ད་རེས་ ལུང་ཕྱོགས་བ་མེན་གསོ་སྐྱོང་ལྟེ་བའི་ནང་ལུ་ བ་མེན་༡༢༥དེ་ཅིག་ཡོདཔ་ད་ བ་མེན་ཚུ་ཡང་ རྩྭ་འབྲོག་ཨེ་ཀར་༡༦༠༠ལྷགཔ་ཅིག་ནང་ རྩྭ་ཟ་བར་བཏངམ་ཨིན་མས།