གཞལ་སྒང་ འཕངས་མཁར་རྒེད་འོག་གི་ པཱ་ན་སྦིས་གཡུས་ཚན་ནང་ལུ་ འཐུང་ཆུའི་དཀའ་ངལ་ཡོདཔ། - འབྲུག༌རྒྱང༌བསྒྲགས། | འབྲུག༌རྒྱང༌བསྒྲགས།
གཟའ་པ་སངས། ༢༠༡༨ ཟླ་༨ པའི་སྤྱི་ཚེས་༡༦

གཞལ་སྒང་ འཕངས་མཁར་རྒེད་འོག་གི་ པཱ་ན་སྦིས་གཡུས་ཚན་ནང་ལུ་ འཐུང་ཆུའི་དཀའ་ངལ་ཡོདཔ།

སྤྱི་ཟླ་༢ པའི་ཚེས་ ༢༦ ༢༠༡༨

  ༉ གཞལ་སྒང་རྫོང་ཁག་ འཕངས་མཁར་རྒེད་འོག་གི་ པཱ་ན་སྦིས་གཡུས་ཚན་ནང་ལུ་ འཐུང་ཆུའི་དཀའ་ངལ་འདི་ དེ་སྦེ་རང་ཐོན་ཏེ་སྡོད་པ་ཅིན་ མི་སེར་ཚུ་ ས་གནས་གཞན་ཅིག་ཁར་ གནས་སྤོ་འགྱོ་དགོ་པའི་གདུང་ཁ་ལུ་ཡང་ ཐུག་ནི་བཟུམ་ཅིག་ཡོདཔ་ཨིན་མས།

གཡུས་ཚན་འདི་ནང་ལུ་ འཐུང་ཆུའི་དཀའ་ངལ་འདི་ ཧེ་མ་ལས་རང་ཐོན་ཏེ་ཡོདཔ་ལས་ འབྲེལ་ཡོད་དབང་འཛིན་ཚུ་གིས་ དཀའ་ངལ་འདི་སེལ་ནི་སྦེ་ ཚར་ལེ་ཤ་ཅིག་རང་ དཔའ་བཅམ་ཡོདཔ་ཨིན་རུང་ འབད་མ་ཚུགས་པར་འདུག

མི་ཚུ་གིས་སླབ་མི་ནང་ ཁོང་གི་གཡུས་ཁ་ལུ་ འཐུང་ཆུ་མ་ལང་པའི་གནས་སྟངས་འདི་ ལོ་གཅིག་བ་ལོ་གཅིག་ སྐྱོ་སུ་སྦེ་ འགྱོཝ་མས་ཟེར་ཨིནམ་མ་ཚད་ གཡུས་ཚན་གྱི་སྦོ་ལོག་ཁ་ལུ་ཡོད་པའི་ ཆུའི་བརྐ་ཚུ་ཡང་ སྐམ་དོ་ཟེར་བཤད་ཅི།

རྒེད་འོག་བདག་སྐྱོང་གིས་ འཐུང་ཆུ་མ་ལང་པའི་དཀའ་ངལ་འདི་ སེལ་ནི་གི་དོན་ལུ་ སྤྱི་ལོ་༢༠༡༤ལུ་ གཡུས་ཚན་འདི་གི་འོག་ལུ་ ཆུ་མཛོད་ཁང་ཅིག་རྐྱབ་བཞིན་ན་ ཆུ་འཐེན་ནི་གི་གློག་མེ་འཕྲུལ་འཁོར་ཅིག་ཡང་ བཙུགས་ནུག

ཨིན་རུང་ ཆུའི་བརྐ་འདི་རང་ཆུང་ཀུ་ཅིག་ལས་བརྒལ་མེད་ནི་འདི་གིས་ ཆུ་འཐེན་ནི་གི་ལཱ་འདི་ ལེགས་ཤོམ་ཅིག་ འགྱོ་མ་བཏུབ་པས།

ད་རེས་ པཱ་ན་སྦིས་གཡུས་ཚན་འདི་ནང་གི་ མི་སེར་ཚུ་གིས་ འཐུང་ཆུ་འདི་ འགྱིབ་ཤོག་གི་ཆུ་མཛོད་ནང་ བསགས་བཞག་སྟེ་ འདི་ནང་ལས་སྦེ་ དབོག་འཐུང་དོ་ཡོདཔ་ཨིན་མས།

ཨིན་རུང་ ཆུ་མཛོད་ཁང་འདི་ནང་ལུ་ ཆུ་འདི་ དུས་ཡུན་སྐར་མ་༣༠དེ་ཅིག་གི་ས་ཁ་ལས་ སྒལ་པར་བཀལ་ཏེ་ དབོག་དགོ་ནི་འདི་གིས་ དཀའཝ་སྦོམ་སྦེ་རང་སྤྱོད་དེ་འདུག

ད་རུང་ མི་ཚུ་གིས་ ཆུའི་བརྐང་གུ་ལས་ ཆུ་དབོག་སྟེ་ལོག་པའི་སྐབས་ གྱེན་འཛེག་དགོ་དོ་ཡོདཔ་ཨིན་མས།

གནད་དོན་འདི་གི་སྐོར་ལས་ འཕངས་མཁར་རྒཔོ་ བཀྲ་ཤིས་ཀྱིས་སླབ་མི་ནང་ གཡུས་ཚན་འདི་རང་ ས་གནས་སོ་སོ་ཅིག་ནང་ གནས་སྤོན་མ་གཏོགས་ དེ་མེན་ འཐུང་ཆུའི་དཀའ་ངལ་སེལ་ཐབས་ཀྱི་དོན་ལས་ འབད་ཐབས་གཞན་ཅིག་ ག་ནི་ཡང་མིན་འདུག་ཟེར་བཤད་ཅི།

པཱ་ན་སྦིས་གཡུས་ཚན་འདི་ ཉེ་འདབས་ཀྱི་འཁོར་ལམ་ཡོད་ས་ལས་ གྱེན་འཛེག་སྟེ་ རྐང་སྟོང་སྦེ་ དུས་ཡུན་ཆུ་ཚོད་༢དེ་ཅིག་འགོར་སའི་ས་ཁར་ ཆགས་ཏེ་འདུག

གཡུས་ཚན་འདི་ནང་ལུ་ ཁྱིམ་གུང་པ་༨ཡོདཔ་ད་ ས་གནས་འདི་ནང་གི་མི་སེར་ཚུ་ འཚོ་བ་གཙོ་བོ་ སོ་ནམ་ལུ་བརྟེན་ཏེ་སྡོད་དོ་ཡོདཔ་ཨིན་མས།