གཟའ་ཕུར་བུ། ༢༠༡༨ ཟླ་༩ པའི་སྤྱི་ཚེས་༡༩

རྒྱལ་ཁབ་ནང་ལུ་ ཚག་རྐྱབ་སྟེ་ རིས་མོ་འབྲི་མི་ཅིག་འཐོན་ཏེ་ཡོདཔ།

སྤྱི་ཟླ་༢ པའི་ཚེས་ ༢༥ ༢༠༡༨

༉ ཕུན་ཚོགས་གླིང་གི་ཚོང་པ་ཅིག་ ད་རེས་ རྒྱལ་ཁབ་ནང་ལུ་ ཚག་རྐྱབ་སྟེ་ རིས་མོ་འབྲི་མི་ འགོ་དང་པ་ཅིག་སྦེ་འཐོན་ཏེ་འདུག

ཚག་རྐྱབ་སྟེ་འབྲི་ཡོད་པའི་ རིས་མོ་འདི་ཡང་ ཚོས་གཞི་མ་འདྲཝ་ཚུ་ལག་ལེན་འཐབ་སྟེ་ ཚག་རྐྱབ་ཅི་རང་ རིས་མོ་འབྲི་ནི་གི་ ཐབས་ཤེས་ཅིག་ལུ་སླབ་ཨིན་མས།

ཕུན་ཚོགས་གླིང་ལུ་ བརྡ་དོན་འཕྲུལ་རིག་གི་ ཚོང་ཁང་བཙུགས་ཏེ་ཡོད་མི་ ཚོང་པ་འདི་གིས་ སྤྲོ་བའི་ཟུར་ལཱ་ཅིག་སྦེ་ རིས་མི་འབྲི་ནི་འདི་ འདས་པའི་ལོ་༣གི་ཧེ་མ་ལས་ འགོ་བཙུགས་ཡོདཔ་ཨིན་མས།

ཁོ་རང་ ཚོང་མགྲོན་པ་ཚུ་དང་ཅིག་ཁར་ འབྲེལ་བ་འཐབ་དགོཔ་འཐོནམ་ལས་ དེལཝ་མེདཔ་ཨིན་རུང་ མཱན་ཟིལ་བླ་མ་གིས་ དུས་ཚོད་དུམ་གྲ་ཅིག་ཐོབ་ཅི་ ཆུ་གིས་ཡལ་མ་བཏུབ་པའི་ ཚོས་གཞི་ཚུ་ལག་ལེན་འཐབ་སྟེ་ ཚག་རྐྱབ་སྟེ་རིས་མོ་ཚུ་ འབྲི་དོ་ཡོདཔ་ཨིན་མས།

རིས་མོ་ཚུ་ག་ར་ ཚག་རྐྱངམ་ཅིག་མ་གཏོགས་ གཞན་ག་ཅི་ཡང་ ལག་ལེན་མི་འཐབ་དོ་ཡོདཔ་ཨིན་མས།

ཁོ་གིས་ ཚག་རྐྱམ་སྟེ་རིས་མོ་འབྲི་ནི་འདི་ཡང་ འདས་པའི་ལོ་ཅིག་གི་ཧེ་མ་ལས་ འགོ་བཙུགས་ནུག

 ད་རེས་ ཁོ་གིས་ ཚག་རྐྱབ་སྟེ་འབྲི་ཡོད་པའི་ སྤུ་ན་ཁ་རྫོང་དང་མཆོད་རྟེན་ དེ་ལས་ སངས་རྒྱས་ཀྱི་ རིས་མོ་ཚུ་བྲིས་ཏེ་ཡོད་མི་ལུ་ བལྟ་བཤལཔ་ཚུ་ ངལ་རངས་བསྐྱེད་ཚུགས་ཏེ་ཡོདཔ་ཨིན་མས།

མཱན་ཟིལ་བླ་མ་གིས་སླབ་མི་ནང་ ཁོ་གིས་ རིས་མོ་འབྲི་ནི་འགོ་བཙུགས་ཏེ་ ལོ་དག་པ་ཅིག་ལས་བརྒལ་མ་འགྱོ་བའི་ཁར་ ཁོ་ལུ་ རིས་མོ་འབྲི་ནི་ལུ་ རིག་རྩལ་ཡོདཔ་ཨིནམ་ ལོ་༣༠འགྱོཝ་ད་རྐྱངམ་ཅིག་ཤེས་ཅི་ཟེར་ཨིན་མས།

ད་རུང་ ཁོ་གིས་སླབ་མི་ནང་ ཧེ་མ་ རིས་མོ་འབྲི་ནི་འདི་ གཞན་མི་ལཱ་ག་ནི་ཡང་མེདཔ་ད་རྐྱངམ་ཅིག་ སྤྲོ་བ་ལེན་ཏེ་འབྲི་ནི་ཡོད་ཟེར་ཨིན་རུང་ ད་ལས་ཕར་ རིས་མོ་འབྲི་ནི་ལུ་ གཙོ་རིམ་བཟུང་དོ་འེར་ཨིན་མས།

ད་རེས་ ཁོ་གིས་ སངས་རྒྱས་དང་ སྤ་རོ་སྟག་ཚང་གི་རིས་མོ་འབྲི་ནི་གི་ལཱ་ཚུ་ འབད་བའི་བསྒང་རང་ཡོདཔ་ཨིན་མས།

པར་ཅིག་འབྲི་ཚར་ཚརཝ་ལུ་ ཁོ་གིས་ ཚག་ས་ཡ་སྟོང་ཕྲག་ལས་བཅད་དེ་ རྐྱབ་དགོཔ་འཐོན་དོ་ཡོདཔ་ཨིན་རུང་ ཚག་འདི་ཚུ་ ཚར་ཅིག་རྐྱབ་ཚར་བའི་བསྒང་ལས་ ཡལ་མ་བཏུབ་སྦེ་སྡོད་དོ་ཡོདཔ་ཨིན་མས།

 ཁོ་གིས་སླབ་མི་ནང་ ཁོའི་རིས་མོ་ཚུ་གི་ཐོག་ལས་ མི་ཚུ་ལུ་ འབྲུག་རྒྱལ་ཁབ་ཀྱི་སྐོར་ལས་ ཤེས་ཚུགསཔ་བཟོ་ནི་ལུ་ རྩ་འགེངས་དོ་ཟེར་ཨིནམ་མ་ཚད་ ཚག་རྐྱབ་སྟེ་རིས་མི་འབྲི་ནི་འདི་ ལུང་ཕྱོགས་ནང་ལུ་ ཧེ་མ་ལས་རང་ཡོདཔ་ཨིན་རུང་ ཁོ་གིས་ ཐབས་ལམ་གསརཔ་གི་ཐོག་ལས་ འབྲི་ནི་ལུ་བལྟཝ་ཨིན་ཟེར་བཤད་ཅི།

ད་རེས་ མཱན་ཟིལ་གྱིས་ ཁོ་གིས་བྲིས་ཡོད་པའི་རིས་མོ་ཚུ་ འགྲེམས་སྟོན་འབད་ནི་གི་དོན་ལས་ ས་སྒོ་ཚུ་བལྟཝ་ཨིན་མས།

ད་རུང་ ཁོ་གིས་སླབ་མི་ནང་ ཁོ་གིས་བྲིས་ཡོད་པའི་རིས་མོ་ཚུ་ སྤུས་ཚད་ཅན་ཅིག་སྦེ་ འབྲི་ཚུགས་ཐབས་ལུ་ སྦྱོང་བརྡར་ཚུ་དགོཔ་སྦེ་ འཚོར་ཏེ་ཡོད་ཟེར་ཨིན་མས།

ད་རེས་ ཁོ་གིས་ རིས་མོ་འབྲི་ནི་གི་དོན་ལས་ གློག་རིག་ཡོངས་འབྲེལ་ཡུ་ཀྲུབ་ཀྱི་ཐོག་ལས་ ལྷབ་དོ་ཡོདཔ་ཨིན་མས།

རིས་མོ་འབྲི་ནི་ནང་ ཁོ་ལུ་ ཧེ་མ་ལས་སྤྲོ་བ་ཡོད་མི་འདི་ ད་རེས་ བརྩོན་འགྲུས་བསྐྱེད་སའི་ ལས་སྣ་ཅིག་ལུ་བསྒྱུར་ཏེ་འདུག