གཟའ་ཕུར་བུ། ༢༠༡༨ ཟླ་༡༢ པའི་སྤྱི་ཚེས་༡༢

གསར་སྤང་རྫོང་ཁག་ དགེ་ལེགས་ཕུག་རྒེད་འོག་ནང་ལུ་འཐུང་ཆུ་ཐོབ་ནི་ལུ་ དུས་ཚོད་དུམ་གྲ་ཅིག་འགོར་ནི་ཨིནམ།

སྤྱི་ཟླ་༢ པའི་ཚེས་ ༡༧ ༢༠༡༨

༉ གསར་སྤང་རྫོང་ཁག་ དགེ་ལེགས་ཕུག་རྒེད་འོག་ནང་ལུ་སྡོད་མི་ཚུ་གིས་ འཐུང་ཆུའི་བཀྲམ་སྤེལ་ གཏན་ཏོག་སྦེ་འཐོབ་ནི་གི་དོན་ལུ་ ད་རུང་རང་ དུས་ཚོད་དུམ་གྲ་ཅིག་ འགོར་ནི་ཨིན་མས།

འདི་ཡང་ རྒེད་འོག་འདི་ནང་ལུ་ འཐུང་ཆུ་བཀྲམ་སྤེལ་གྱི་ལས་འགུལ་འདི་ ན་ཧིང་ སྤྱི་ཟླ་༩་པའི་ནང་ མཇུག་བསྡུ་དགོཔ་སྦེ་ སྡོད་ཡོདཔ་ཨིན་རུང་ ད་རེས་ནངས་པ་ཡང་ ལཱ་ཚུ་ འབད་བའི་བསྒང་ར་ཡོད་ནི་འདི་གིས་ཨིན་མས།

རྒེད་འོག་འདི་ནང་གི་ མི་སེར་ཚུ་གི་དོན་ལས་ འཐུང་ཆུ་མ་ལང་པའི་ དཀའ་ངལ་འཐོན་ཏེ་ཡོདཔ་ཨིན་མས།

རྒེད་འོག་འདི་ནང་གི་ མི་སེར་ཚུ་གིས་སླབ་མི་ནང་ འཐུང་ཆུ་མ་ལང་པའི་དཀའ་ངལ་འདི་ སྦོམ་སྦེ་རང་འཐོན་ཏེ་ཡོད་ཟེར་ཨིནམ་ད་ འདི་ཡང་ གནམ་དགུན་གྱི་སྐབས་ལུ་ འཐུང་ཆུ་ཚུ་ རོང་ཆུ་ཆུང་ཀུ་ཅིག་ནང་ལས་ དབོག་དོ་ཡོདཔ་ཨིན་རུང་ ད་རེས་ རོང་ཆུ་འདི་ སྐམ་འགྱོཝ་མས་ཟེར་བཤད་ཅི།

འདི་འབདཝ་ལས་ འཐུང་ཆུའི་དཀའ་ངལ་ཚུ་སེལ་ནི་གི་དོན་ལས་ རྒེད་འོག་འདི་ནང་ལུ་ སྤྱི་ལོ་༢༠༡༦་སྤྱི་ཟླ་༧་པའི་ནང་ འཐུང་ཆུ་བཀྲམ་སྤེལ་ལས་འགུལ་འདི་ འགོ་བཙུགས་ཡོདཔ་ཨིན་མས།

འཐུང་ཆུ་བཀྲམ་སྤེལ་འདི་ཡང་ རྒེད་འོག་འདི་ནང་ལས་ ཀི་ལོ་མི་ཀྲར་༡༦་དེ་ཅིག་གི་ས་ཁར་ཡོད་པའི་ བསམ་གཏན་གླིང་རྒེད་འོག་གི་ བ་ལུ་ཆུ་ནང་ལས་ བཀྲམ་སྤེལ་འབད་ནི་ཨིན་མས།

ཨིན་རུང་ འཐུང་ཆུ་བཀྲམ་སྤེལ་གྱི་ལས་འགུལ་འདི་ ནམ་ཅིག་ཡང་ མཇུག་བསྡུ་ནི་མེདཔ་ལས་ མི་སེར་ཚུ་ ཞལ་བསུན་ཏེ་ཡོདཔ་ཨིན་མས།

ས་གནས་ནང་གི་མི་སེར་ཚུ་གིས་སླབ་མི་ནང་ ད་རེས་ འཐུང་ཆུ་ལངམ་སྦེ་མ་ཐོབ་པའི་ དཀའ་ངལ་འཐོན་ཏེ་ཡོདཔ་ཨིན་རུང་ ལས་འགུལ་འདི་མཇུག་བསྡུ་བའི་བསྒང་ལས་ གནས་སྟངས་འདི་ ཡར་དྲག་འགྱོ་བའི་རེ་བ་བསྐྱེད་དོ་ཟེར་བཤད་ཅི།

གནད་དོན་འདི་གི་སྐོར་ལས་ དགེ་ལེགས་ཕུག་གི་རྒཔོ་ཨྱོན་དབང་ཕྱུག་གིས་སླབ་མི་ནང་ འཐུང་ཆུ་བཀྲམ་སྤེལ་ལས་འགུལ་གྱི་ལཱ་འབད་མི་ ཁ་འབག་གི་གནས་ཡུན་འདི་ ཡར་སེང་འབད་མི་འདི་གིས་ ལས་འགུལ་དུས་ཚོད་ཁར་ མཇུག་བསྡུ་ནི་ལུ་ ཐོ་ཕོག་སྟེ་ཡོད་ཟེར་ཨིན་མས།

ད་རུང་ ཁོ་གིས་སླབ་མི་ནང་ ཁ་འབགཔ་གི་གནས་ཡུན་ ཡར་སེང་འབད་དགོ་མི་འདི་ཡང་ འཐུང་ཆུའི་རྐ་ སོ་སོ་ཅིག་ཁར་ སྤོ་བཤུད་འབད་དགོཔ་ འཐོན་ཡོད་ནི་འདི་གིས་ཨིན་ཟེར་བཤད་ཅི།

ལས་འགུལ་འདི་མཇུག་བསྡུ་བའི་བསྒང་ལས་ རྒེད་འོག་འདི་ནང་གི་ ཁྱིམ་གུང་པ་༥༠༠་དེ་ཅིག་ལུ་ ཕན་ཐོགས་འབྱུང་ཚུགས་ནི་ཨིན་མས།

ཟད་འགྲོ་དངུལ་ཀྲམ་ས་ཡ་༣༣་གནས་མི་ འཐུང་ཆུ་བཀྲམ་སྤེལ་གྱི་ལས་འགུལ་འདི་ཡང་ དུས་ཅི་ སྤྱི་ཟླ་༥་པའི་ནང་ མཇུག་བསྡུ་ཚུགས་པའི་རེ་བ་འདུག