གཟའ་ཕུར་བུ། ༢༠༡༨ ཟླ་༩ པའི་སྤྱི་ཚེས་༡༩

འབྲུག་རྒྱལ་ཁབ་ཀྱི་ ཡོངས་གྲགས་ཅན་ཅིག་ཨིན་མི་ སྐུད་ཤུད་ཐགས་ར་འདི་ ས་མཚམས་ནང་ལས་ཕར་ འཇམ་ཏོང་ཏོ་སྦེ་ ཐོབ་ཚུགས་དོ་ཡོདཔ།

སྤྱི་ཟླ་༢ པའི་ཚེས་ ༡༥ ༢༠༡༨

 ༉ སྐུད་ཤུད་ཐགས་ར་འདི་ འབྲུག་མི་ཚུ་གི་དོན་ལས་ ཡོངས་གྲགས་ཅན་ཅིག་སྦེ་ རྩིས་དོ་ཡོདཔ་ཨིན་རུང་ ད་རེས་ སྐུད་ཤུད་ཐགས་ར་འདི་ རྒྱལ་ཁབ་ཀྱི་ས་མཚམས་ནང་ལས་ཕར་ འཇམ་ཏོང་ཏོ་སྦེ་ ཐོབ་ཚུགས་མི་ལུ་བརྟེན་ ཉེན་ཁ་ཆེ་ཤོས་ཅིག་ལུ་ འགྱུར་ཏེ་འདུག

འདི་ཡང་ ད་རེས་ བསམ་གྲུབ་ལྗོངས་མཁར་ལུ་འབད་བ་ཅིན་ ཨམ་སྲུ་ཚུ་གིས་ སྐུད་ཤུད་ཐགས་ར་ངོ་མ་དང་འཕྱདཔ་ད་ གོང་ཚད་ཕྱེད་ཀ་འབད་མི་ སྐུད་ཤུད་ཐགས་ར་གི་ གདམ་ཁ་ཚུ་རྐྱབ་ཚུགས་དོ་ཡོདཔ་ཨིན་རུང་  ཁོང་ཆ་ཁྱབ་ སེམས་དང་མ་ལྡན་པར་འདུག

ད་རེས་ ཨམ་སྲུ་ཚུ་གིས་ སྤྲོ་བ་བསྐྱེད་དེ་ བསམ་གྲུབ་ལྗོངས་མཁར་ལུ་ཡོད་པའི་ ཚོང་ཁང་ཅིག་གི་ནང་ལུ་ སྐུད་ཤུད་ཐགས་ར་གི་ དཀྱི་ར་ཚུ་བལྟ་དོ་ཡོདཔ་ཨིན་རུང་ འབྲུག་རྒྱལ་ཁབ་ཀྱི་ ས་སྒོ་ནང་ནང་མེནམ་ཨིན་མས།

ས་སྒོ་འདི་ཡང་ ཡོངས་གྲགས་ལུ་ མེ་ལ་བཱ་ཟར་ཟེར་སླབ་མི་ བསམ་གྲུབ་ལྗོངས་མཁར་ཁྲོམ་གྱི་ཕྱི་ཁར་ རྒྱ་གར་ཨཱ་སཱམ་གྱི་ས་མཚམས་ནང་ལུ་ ཆགས་ཏེ་ཡོད་མི་ཚོང་ཁང་ཨིནམ་ད་ ཚོང་ཁང་ཚུ་གིས་ སྐུད་ཤུད་ཐགས་ཚུ་ ལེ་ཤཱ་སྦེ་བཙོང་དོ་ཡོདཔ་ཨིན་མས།

རྒྱལ་ཁབ་ནང་ལུ་ སྐུད་ཤུད་ཐགས་ར་ལུ་ མཁོ་འདོད་བསྐྱེད་མི་ མང་སུ་ཅིག་འཐོན་མི་དང་ དཀྱི་ར་གི་གོང་ཚད་ཚུ་ ཁེ་ཏོག་ཏོ་སྦེ་ཐོབ་མི་ལུ་བརྟེན་ འབྲུག་མི་མང་ཤོས་ཅིག་གིས་རང་ རྒྱ་གར་ལུ་ཐགས་ཡོད་པའི་ སྐུད་ཤུད་ཐགས་ར་ཉོ་ནི་ལུ་ གདམ་ཁ་རྐྱབ་དོ་ཡོདཔ་ཨིན་མས།

འདི་འབདཝ་ལས་ མེ་ལ་བཱ་ཟར་ལུ་ཡོད་པའི་ ཚོང་པ་འདི་གིས་ འདས་པའི་ཟླཝ་༢ཀྱི་ནང་ལུ་ སྐུད་ཤུད་ཐགས་ར་༣༠ལྷགཔ་ཅིག་བཙོང་ཚུགས་ཏེ་ཡོདཔ་ལས་ ཚོང་འབྲེལ་འདི་ ཡོངས་གྲགས་འཐོན་ཏེ་འདུག

ཨིན་རུང་ ཁོང་ཚོང་པ་ཆ་ཁྱབ་ཀྱིས་ གནད་དོན་འདི་གི་ཐད་ཁར་ ཁ་གསལ་ཅིག་ ག་ནི་ཡང་སླབ་མ་བཏུབ་པར་ཡོདཔ་ཨིན།

སྐུད་བསམ་གྲུབ་ལྗོངས་མཁརལུ་ སྐུད་ཤུད་ཐགས་ར་ཉོ་མི་ ཨམ་སྲུ་ཚུ་གིས་སླབ་མི་ནང་ རྒྱ་གར་ལུ་ཐགས་ཡོད་པའི་ སྐུད་ཤུད་ཐགས་རའི་ཐོན་སྐྱེད་ཚུ་ གོང་དམའ་ང་སུ་སྦེ་བཙོང་མི་འདི་གིས་ རྒྱལ་ཁབ་ནང་ཐགས་ཡོད་པའི་ སྐུད་ཤུད་ཐགས་ར་འདི་གིས་ གོང་ཚད་ལེགས་ཤོམ་ཐོབ་མི་ཚུགས་ནི་མས་ཟེར་བཤད་ཅི།

ད་རུང་ ཁོང་ཆ་ཁྱབ་ཀྱིས་བཀོད་མི་ནང་ རྒྱལ་ཁབ་ནང་ལུ་ སྐུད་ཤུད་ཐགས་ར་ལུ་བརྟེན་ཏེ་ འཚོ་བ་སྐྱོང་མི་ཚུ་གི་དོན་ལས་ ཚོང་འབྲེལ་ལུ་ཐོ་ཕོག་ནི་མས་ཟེར་བཀོད་ནུག

མ་གཞི་ སྐུད་ཤུད་ཐགས་ར་གི་སྐོར་ལས་ ཡིག་ཆ་ཚུལ་མཐུན་ཅིག་ འཁོད་དེ་མེདཔ་ཨིན་རུང་ ད་རེས་ ཁ་རྒྱུན་དང་ གཏམ་རྒྱུད་ཀྱི་ཐོག་ལས་ གནད་དོན་ཁ་གསལ་ཚུ་ ཐོབ་ཚུགས་དོ་ཡོདཔ་ཨིན་མས།

འདི་ལུ་ རྒྱལ་འཛིན་ཐགས་རིག་སློབ་སྡེ་ནང་ལས་ འགྲེམས་སྟོན་ཅ་གཉེར་པ་ པདྨ་ཆོས་སྒྲོན་དབང་ཕྱུག་གིས་སླབ་མི་ནང་ སྐུད་ཤུད་ཐགས་ར་འདི་ མ་འཐོན་པའི་ཧེ་མ་ འབྲུག་པའི་ཨམ་སྲུ་ཚུ་གིས་ སྐུ་ཤུང་ཟེར་སླབ་མི་ སྐུད་ཤུད་ཐགས་ར་དང་འདྲ་བའི་ དཀྱི་ར་ཚུ་དཀྱི་ནི་ཡོད་ཟེར་བཤད་ཅི།

ད་རུང་ མོ་གིས་སླབ་མི་ནང་ ད་རེས་ འཕྲུལ་རིག་ཡར་རྒྱས་འགྱོ་མི་དང་འབྲེལ་ ཐུན་མོང་མ་ཡིན་པའི་ ཐགས་རིགས་ཚུ་ལུ་ ཉེན་ཁ་འབྱུང་ནི་ཨིན་རུང་ ལགཔ་གིས་ཐགས་ཡོད་པའི་ སྐུད་ཤུད་ཐགས་ར་འདི་ འབྲུག་པའི་མི་སྡེ་ནང་ལུ་ ཐུན་མོང་མ་ཡིན་པ་ཅིག་སྦེ་ སྡོད་འོང་ཟེར་ཨིན་མས།

སྐུད་ཤུད་ཐགས་ར་འདི་ འབྲུག་རྒྱལ་ཁབ་ནང་ལས་རང་ འཐོན་འཐོནམ་ཅིག་འབདཝ་ལས་ ད་རེས་ འདྲ་བཤུས་དབང་ཆ་གི་བཅའ་ཁྲིམས་དང་ བཟོ་གྲྭའི་རྒྱུ་དངོས་ཀྱི་བཅའ་ཁྲིམས་གཉིས་ཆ་རང་གིས་ ཉེན་སྲུང་འབད་མ་ཚུགས་པར་ཡོདཔ་ཨིན་མས།

འདི་ལུ་ བློ་རིག་རྒྱུ་དངོས་ལས་ཁུངས་ཀྱིས་བཀོད་མི་ནང་ ད་རེས་ཡོད་པའི་ བཟོ་གྲྭ་རྒྱུ་དངོས་ཀྱི་བཅའ་ཁྲིམས་འདི་གིས་ བཟོ་བཀོད་གསརཔ་ཚུ་རྐྱངམ་ཅིག་ ཉེན་སྲུང་འབད་དགོཔ་སྦེ་ འཁོད་དེ་ཡོདཔ་མ་གཏོགས་ རང་ལུགས་ཀྱི་བཟོ་བཀོད་ཡོད་པའི་ སྐུད་ཤུད་ཐགས་ར་ཚུ་ ཉམས་སྲུང་འབད་ནི་གི་དོན་ལས་ ཐོ་བཀོད་འབད་དགོཔ་སྦེ་ འཁོད་དེ་མེད་ཟེར་ཨིན་མས།

ད་རེས་ རྒྱལ་ཁབ་ནང་ལུ་ འབྲེལ་ཡོད་དབང་འཛིན་ཚུ་གིས་ སྐུད་ཤུད་ཐགས་ར་གི་ བཟོ་བཀོད་ཚུ་ ཡར་དྲག་བཏང་ནི་གི་དོན་ལས་ ལཱ་ཚུ་རྩ་འགེངས་ཏེ་རང་ འབད་དོ་ཡོདཔ་ཨིན་རུང་ མེ་ལ་བཱ་ཟར་ལུ་ཡོད་པའི་ཚོང་པ་ཚུ་གིས་ འབུཔ་རས་གོ་དང་དཀྱི་ར་ དེ་ལས་ བཀབ་ནེ་གི་ཚོང་འབྲེལ་ཚུ་ ལེགས་ཤོམ་སྦེ་རང་འཐབ་ཚུགས་དོ་ཡོདཔ་ད་ འདི་ཡང་ འབྲུག་མི་ཚུ་གིས་ གོང་དམའ་སུ་ཅིག་འབད་མི་གོ་ལ་ཚུ་ གདམ་ཁ་རྐྱབ་མི་ལུ་བརྟེན་ཏེ་ཨིན་མས།