གཟའ་ཉི་མ། ༢༠༡༨ ཟླ་༥ པའི་སྤྱི་ཚེས་༢༦

ཚན་རིག་དང་འབྲེལ་བའི་ ཚོང་འབྲེལ་གྱི་ཐབས་ཤེས།

སྤྱི་ཟླ་༢ པའི་ཚེས་ ༡༤ ༢༠༡༨

 

༉ བསམ་གྲུབ་ལྗོངས་མཁར་ འཇིགས་མེད་རྣམ་རྒྱལ་བཟོ་རིག་མཐོ་རིམ་སློབ་གྲྭའི་ སློབ་དཔོན་དང་སློབ་ཕྲུག་ཚུ་གིས་ འགྲུལ་འཕྲིན་རིམ་ལུགས་ལས་འགོ་བཙུགས་ཏེ་ ཚན་རིག་དང་འབྲེལ་བའི་ཚོང་འབྲེལ་གྱི་ ཐབས་ཤེས་མ་འདྲཝ་༧༧་ སྟོན་ནུག

འདི་ཡང་ ཤུལ་མའི་ཟླཝ་ནང་ལུ་འགོ་འདྲེན་འཐབ་ནི་སྦེ་ཡོད་མི་ རྒྱལ་ཡོངས་ཀྱི་གནས་ཚད་ཁ་ལུ་ ཚོང་འབྲེལ་གྱི་ཐབས་ཤེས་བཏོན་ནི་གི་ ལས་རིམ་གྱི་དོན་ལུ་ཨིན་མས།

ཁ་ཙ་ ཉིནམ་གཅིག་གི་ལས་རིམ་འགོ་འདྲེན་འཐབ་པའི་སྐབས་ ཚོང་འབྲེལ་གྱི་ཐབས་ཤེས་དྲག་ཤོས་༢༠་ གདམ་ཁ་རྐྱབ་ནུག

གྲལ་ཁར་གཏོགས་མི་ཚུ་ལུ་ ཚོང་འབྲེལ་གྱི་ཐབས་ལམ་སྟོན་ནི་གི་དོན་ལས་ དུས་ཡུན་སྐར་མ་གཅིག་འབྱིན་ནུག

ལས་རིམ་འདི་ཡང་ བརྒྱུད་འབྲེལ་ལྷན་ཁག་གིས་ ཚོང་འབྲེལ་གསརཔ་འགོ་བཙུགས་ནི་དང་ གསར་གཏོད་ཡར་དྲག་བཏང་ནི་གི་དོན་ལུ་ འགོ་འདྲེན་འཐབ་ཨིན་མས།

བརྒྱུད་འབྲེལ་ལྷན་ཁག་ནང་ལས་ གཙོ་འཛིན་བཙན་སྐྱོགས་ཀྱིས་སླབ་མི་ནང་ ལས་རིམ་འདི་བཟུམ་འགོ་འདྲེན་འཐབ་མི་འདི་ ན་གཞོན་སྤྲོ་བ་ཡོད་མི་ཚུ་ལུ་ རང་སོའི་གནས་སྐབས་དང་ རིག་རྩལ་བཏོན་ནི་གི་དོན་ལུ་ འགོ་འདྲེན་འཐབ་ཅི་ཟེར་བཤད་ཅི།

བཅའ་མར་གཏོགས་མི་ཚུ་གིས་སླབ་མི་ནང་ འདི་བཟུམ་གྱི་ལས་རིམ་ལས་བརྟེན་ཏེ་ ཁོང་ཆ་ཁྱབ་ཀྱིས་ ལཱ་གཡོག་གི་གོ་སྐབས་ གཞན་མི་ཅིག་བཟོ་ཚུགས་ནི་ནང་ ཕན་ཐོགས་འབྱུང་ནི་མས་ཟེར་བཤད་ཅི།

འདི་ རྒྱལ་ཁབ་ཀྱི་ གཞན་མི་མཐོ་རིམ་སློབ་གྲྭ་༦་གི་ནང་ལུ་ཡང་ འགོ་འདྲེན་འཐབ་ནི་ཨིན་མས།

ལས་རིམ་འདི་གི་དོན་ལུ་ མཐོ་རིམ་སློབ་གྲྭ་རེ་གི་ནང་ལས་ ཚོང་འབྲེལ་གྱི་ཐབས་ཤེས་དྲག་ཤོས་༡༥་ལས་༢༠་གི་བར་ན་ གདམ་ཁ་རྐྱབ་ནི་སྦེ་འདུག