གཟའ་ཟླ་བ། ༢༠༡༨ ཟླ་༢ པའི་སྤྱི་ཚེས་༡༨

རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ གཞི་བཙུགས་འབད་བའི་ ཉིནམ་བརྩི་སྲུང་འབད་ནི་ཨིནམ།

སྤྱི་ཟླ་༢ པའི་ཚེས་ ༡༤ ༢༠༡༨

 

༉ དུས་ཅི་ལས་ ཐིམ་ཕུག་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གིས་ སྨན་ཁང་གཞི་བཙུགས་ཀྱི་ཉིནམ་འདི་ ལོ་བསྟར་བཞིན་ སྤྱི་ཟླ་༥་པའི་སྤྱི་ཚེས་༢་ལུ་ བརྩི་སྲུང་འབད་ནི་ཨིན་མས།

འདི་ཡང་ མི་དབང་འབྲུག་རྒྱལ་གསུམ་པ་མཆོག་ལུ་ སྨན་ཁང་གཞི་བཙུགས་གནང་མི་ལུ་ གུས་བསྟུད་ཞུ་ནི་གི་དོན་ལུ་ཨིན་མས།

སྤྱི་ཟླ་༥་པའི་སྤྱི་ཚེས་༢་འདི་ མི་དབང་འབྲུག་རྒྱལ་གསུམ་པ་མཆོག་གི་ འཁྲུངས་སྐར་དུས་སྟོན་ཡང་ཨིན།

སྨན་ཁང་གཞི་བཙུགས་ཀྱི་ ཉིནམ་བརྩི་སྲུང་ཞུ་ནི་གི་དོན་ལུ་ གཞུང་གིས་ མ་དངུལ་ དངུལ་ཀྲམ་ས་ཡ་གཅིག་ ཆ་འཇོག་གནང་སྟེ་འདུག

དུས་སྟོན་འདི་གིས་འབད་ སྨན་ཁང་གི་ལས་བྱེདཔ་ཚུ་གིས་ གསོ་བའི་ཞབས་ཏོག་ཡར་དྲག་བཏང་ནི་ནང་ སེམས་ཤུགས་ཚུ་ ཐོབ་ཚུགས་པའི་ རེ་བ་འདུག

འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ གཙོ་འཛིན་ལྷགཔ་རྡོ་རྗེ་གིས་ སླབ་མི་ནང་ དུས་སྟོན་འདི་གི་དོན་ལུ་ ཚོགས་ཆུང་གཅིག་གཞི་བཙུགས་འབད་དེ་ཡོད་མི་འདི་གིས་ ལས་བྱེདཔ་ངོ་རྐྱང་གི་

རྟགས་མ་ཚུ་ཡང་བྱིན་ནི་གི་ ལས་རིམ་མ་འདྲཝ་ཚུ་ བརྩམ་ཚར་ཏེ་ཡོད་ཟེར་བཤད་ཅི།

ད་རུང་ སྨན་ཁང་གཞི་བཙུགས་ཀྱི་ཉིནམ་འདི་ཁ་ལུ་ སྲིད་བྱུས་བརྩམ་མི་དང་ རྒྱལ་ཡོངས་དང་རྒྱལ་སྤྱི་གི་ཁས་བླངས་པ་དང་ ཞལ་འདེབས་འབད་མི་ཚུ་ཡང་ ངོས་འཛིན་འབད་ནི་གི་ལས་རིམ་འདུག་་

འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་འདི་ འགོ་དང་པ་རང་ ཐིམ་ཕུག་ གླང་ཇོ་ཕར་ཀ་ལུ་ སྨན་ཁང་ཆུ་བ་ཅིག་སྦེ་ གཞི་བཙུགས་འབད་ནུག

འདི་ཡང་ སྤྱི་ལོ་༡༩༥༦་ལུ་ མི་དབང་འབྲུག་རྒྱལ་༣་པ་མཆོག་གི་བཀའ་རྒྱ་གནངམ་བཞིན་དུ་ཨིན་མས།

དེ་ལས་ སྨན་ཁང་འདི་ ད་རེས་ཀྱི་ས་སྒོ་ནང་ལུ་ སྤྱི་ལོ་༡༩༧༤་ལུ་ སྤོ་སྟེ་ཡོདཔ་ཨིན།

རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་འདི་ ད་རེས་ རྒྱལ་ཁབ་ནང་ལུ་ གསོ་བའི་ཞབས་ཏོག་མ་འདྲཝ་ག་ར་འབྱིན་ཚུགས་པའི་ སྨན་ཁང་སྦོམ་ཤོས་ཅིག་ཨིནམ་ད་ སྨན་ཁང་འདི་ནང་ལུ་ ད་རེས་ ལཱ་འབད་མི་༡༣༠༠་དེ་ཅིག་འདུག