འབྲུག་རྒྱལ་ཉེན་སྲུང་ལས་འཛིན་གྱི་ ཧེ་མའི་བཀོད་ཁྱབ་གཙོ་འཛིན་འགོ་དཔོན་དང་ བཀོད་ཁྱབ་མདོ་ཆེན་གཉིས་ལུ་ དངུལ་ཀྲམ་ས་ཡ་༣་མ་ལངམ་ཅིག་ ལོག་སྤྲོད་དགོཔ། - འབྲུག༌རྒྱང༌བསྒྲགས། | འབྲུག༌རྒྱང༌བསྒྲགས།
གཟའ་པ་སངས། ༢༠༡༨ ཟླ་༨ པའི་སྤྱི་ཚེས་༡༦

འབྲུག་རྒྱལ་ཉེན་སྲུང་ལས་འཛིན་གྱི་ ཧེ་མའི་བཀོད་ཁྱབ་གཙོ་འཛིན་འགོ་དཔོན་དང་ བཀོད་ཁྱབ་མདོ་ཆེན་གཉིས་ལུ་ དངུལ་ཀྲམ་ས་ཡ་༣་མ་ལངམ་ཅིག་ ལོག་སྤྲོད་དགོཔ།

སྤྱི་ཟླ་༢ པའི་ཚེས་ ༡༤ ༢༠༡༨

 

༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་བཀོད་མི་ནང་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་གྱི་ ཧེ་མའི་བཀོད་ཁྱབ་གཙོ་འཛིན་འགོ་དཔོན་དང་ བཀོད་ཁྱབ་མདོ་ཆེན་གཉིས་ཀྱིས་ ལས་འཛིན་འདི་ལུ་ མ་དངུལ་ཡུདཔ་ཅིག་ དངུལ་ཀྲམ་ས་ཡ་༣་མ་ལངམ་ཅིག་ ལོག་སྤྲོད་དགོཔ་འདུག་ཟེར་ཨིན་མས།

འདི་ཡང་ ཞིབ་དཔྱད་སྙན་ཞུ་དང་འཁྲིལ་བ་ཅིན་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་གྱི་ ཧེ་མའི་བཀོད་ཁྱབ་གཙོ་འཛིན་འགོ་དཔོན་འདི་གིས་ མ་དངུལ་ དངུལ་ཀྲམ་འབུམ་༤་མ་ལངམ་ཅིག་ ལོག་སྤྲོད་དགོཔ་སྦེ་ཨིན་མས།

འདི་བཟུམ་སྦེ་ ཧེ་མའི་བཀོད་ཁྱབ་མདོ་ཆེན་འདི་གིས་ དངུལ་ཀྲམ་ས་ཡ་༢་དང་འབུམ་༤་ལྷགཔ་ཅིག་ ལོག་སྤྲོད་དགོ་ནི་ཨིན་མས།

ལྷན་ཚོགས་འདི་གིས་ ཧེ་མའི་བཀོད་ཁྱབ་གཉིས་འདི་ གཞན་མི་མི་ངོམ་༨་དང་གཅིག་ཁར་ ལམ་ལུགས་དང་མ་འཁྲིལ་བར་ མ་རྩ་བཏང་ཡོད་པའི་ ཉེས་འཛུགས་བཀལཝ་ཨིན་མས།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་སྙན་ཞུ་དང་འཁྲིལ་བ་ཅིན་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་གྱིས་ སྤྱི་ལོ་༢༠༡༣་ སྤྱི་ཟླ་༢་པའི་སྤྱི་ཚེས་༥་ལུ་ ནུབ་རི་མ་རྩ་འཛིན་སྐྱོང་ལས་སྡེ་ལུ་ སྐྱེད་བརྒྱ་ཆ་༩་རེ་འབད་ དངུལ་ཀྲམ་ས་ཡ་༡༠༠་ མ་རྩ་བཙུགས་ནུག་ཟེར་ཨིན་མས།

དེ་ལས་ ཉིནམ་གསུམ་གྱི་རྒྱབ་ལས་ ནུབ་རི་མ་རྩ་འཛིན་སྐྱོང་ལས་སྡེ་གིས་ འབྲུག་རྒྱལ་ཉེན་སྲུང་ལས་སྡེ་ལུ་ སྐྱེད་བརྒྱ་ཆ་༡༡་ལྷགཔ་ཅིག་སྦེ་ དངུལ་ཀྲམ་ས་ཡ་༡༠༨་ ལོག་སྟེ་རང་ མ་རྩ་བཙུགས་ཏེ་ འདུག་ཟེར་ཨིན་མས།

མ་རྩ་འདི་ཚུ་ཡང་ བཀོད་ཚོགས་དང་ ཡང་ན་ མ་རྩ་གཞི་བཙུགས་ཀྱི་ཚོགས་ཆུང་གི་གནང་བ་ག་ནི་ཡང་མེད་པར་ བཙུགས་ཏེ་ཡོདཔ་སྦེ་ཨིན་མས།

ནུབ་རི་མ་རྩ་འཛིན་སྐྱོང་ལས་སྡེ་འདི་ སྒེར་གྱི་མ་དངུལ་འཛིན་སྐྱོང་འབད་མི་ལས་སྡེ་ཅིག་ཨིནམ་ད་ ཧེ་མའི་བཀོད་ཁྱབ་མདོ་ཆེན་འདི་ ལས་སྡེ་འདི་ནང་ལུ་ བགོ་བཤའ་ཡོངས་སྡོམས་ལས་ བརྒྱ་ཆ་༡༠་འཆང་མི་ཅིག་ཡང་ཨིན་མས་ཟེར་བཀོད་དེ་འདུག

ད་རུང་ སྙན་ཞུ་འདི་དང་འཁྲིལ་བ་ཅིན་ མ་རྩ་དེ་སྦེ་བཙུགས་ནི་འདི་ ལས་འཛིན་གྱི་གན་འཛིན་སྤྲོད་ནི་གི་སྒྲིག་གཞི་༢༠༡༢་ཅན་མ་ལས་ འགལ་བ་ཨིནམ་མ་ཚད་ གན་འཛིན་ལོག་ཐོབ་མ་དངུལ་འདི་ མ་དངུལ་འཛིན་སྐྱོང་འབད་མི་ལས་སྡེ་ནང་ལུ་ བཙུགས་ཐ་མ་ཆོགཔ་སྦེ་ ཡོདཔ་སྦེ་ཨིན་མས།

ངན་ལྷད་འདི་ནང་ལུ་ འབྲེལ་བ་ཡོད་པའི་ དོགས་པ་ཅན་མི་ངོམ་༡༠་ག་ར་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་བཅའ་ཁྲིམས་༢༠༡༡་ཅན་མ་དང་འཁྲིལ་ ཁེ་ཕན་ལྟག་སྤྲོད་གསལ་བསྒྲགས་མ་འབད་མི་དང་ རྫུས་ལཱ་འབད་བའི་ ཉེས་འཛུགས་ཚུ་ བཀལ་ཏེ་འདུག

འབྲུག་རྒྱལ་ཉེན་སྲུང་ལས་འཛིན་གྱི་ ཧེ་མའི་བཀོད་ཁྱབ་འགོ་འཛིན་གཉིསཔ་འདི་ འདས་པའི་ཟླཝ་ནང་ལས་རང་ གཡོག་ནང་ལས་ དགོངས་ཞུ་འབད་དེ་ཡོདཔ་ཨིན།

གནད་དོན་འདི་ ད་རེས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བསྐྱར་ཞིབ་འབད་བའི་ བསྒང་རང་ཡོདཔ་ཨིན།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ གནད་དོན་འདི་གུ་ ཞིབ་དཔྱད་འབད་ནི་འདི་ སྤྱི་ལོ་༢༠༡༥་ སྤྱི་ཟླ་༤་པའི་ནང་ལུ་ ངོམ་མ་སྟོན་པའི་མི་ངོ་ཅིག་གི་ནང་ལས་ རྙོགས་བཤད་ཅིག་ལྷོད་པའི་ཤུལ་ འགོ་འདྲེན་འཐབ་ནི་འགོ་བཙུགས་ནུག