གཟའ་ཉི་མ། ༢༠༡༨ ཟླ་༥ པའི་སྤྱི་ཚེས་༢༦

འབྲུག་མཁའ་འགྲུལ་གི་ཞབས་ཏོག་ཚུ་ ཡོངས་འབྲེལ་ཐོག་ལས་སྤྱོད་ཚུགསཔ།

སྤྱི་ཟླ་༢ པའི་ཚེས་ ༡༤ ༢༠༡༨

 

༉ མི་ཚུ་གིས་ ད་ལས་ཕར་ འབྲུག་མཁའ་འགྲུལ་གི་ཞབས་ཏོག་ཚུ་ འགྲུལ་འཕྲིན་རིམ་ལུགས་ལག་ལེན་འཐབ་སྟེ་ སྤྱོད་ཚུགས་ནི་དོན་ལུ་ མཐུན་རྐྱེན་འདི་ ད་རིས་ གསར་བཏོན་ནུག

མི་ཚུ་གིས་ འགྲུལ་འཕྲིན་རིམ་ལུགས་འདི་གི་ཐོག་ལུ་ གནམ་གྲུའི་ཤོག་འཛིན་མཁོ་མངག་འབད་ནི་དང་ གནམ་གྲུ་འཕུར་འགྲུལ་གི་དུས་ཚོད་ དེ་ལས་ གནམ་གྲུའི་གླ་ཆ་དང་ སྡོད་ཁྲི་ཡོདཔ་མེདཔ་ཚུ་ བལྟ་ཚུགས་ནི་ཨིན་མས།

ད་རུང་ འགྲུལ་འཕྲིན་རིམ་ལུགས་འདི་དང་ཅིག་ཁར་ འབྲུག་མཁའ་འགྲུལ་གྱིས་ ཡོངས་འབྲེལ་ཐོག་ལས་ ལྟ་རྟོག་འབད་ནི་གི་ ཞབས་ཏོག་ཅིག་ཡང་ གསར་བཏོན་འབད་ཡི།

འདི་འབདཝ་ལས་ འགྲུལ་པ་ཚུ་གིས་ ད་ལས་ཕར་ གནམ་གྲུ་འཕུར་ནི་གི་དུས་ཡུན་ ཆུ་ཚོད་༢༤་གི་ནང་ཧེ་མ་ སྡོད་ཁྲི་ཚུ་ གདམ་ཁ་རྐྱབ་ཚུགས་ནི་ཨིནམ་མ་ཚད་ གློག་འཕྲུལ་གྱི་ ཤོག་འཛིན་ཚུ་ཡང་ ཐོབ་ཚུགས་ནི་ཨིན་མས།

འབྲུག་མཁའ་འགྲུལ་གྱི་ཡིག་ཚང་དོན་ལུ་ ད་རེས་འགོ་དང་པ་ སྒྲིང་ཁྱིམ་ཅིག་ཡང་ རང་འཇག་སྦེ་རང་ཐོབ་སྟེ་ཡོདཔ་ལས་ ཞབས་ཏོག་ཚུ་ ཧེང་སྐལ་རང་ ཡར་དྲག་བཏང་ཚུགས་པའི་རེ་བ་འདུག

འབྲུག་མཁའ་འགྲུལ་ལས་འཛིན་ཚད་ཀྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ རྟ་མགྲིན་དབང་ཕྱུག་གིས་སླབ་མི་ནང་ སྒྲིང་ཁྱིམ་འདི་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ལྟག་ལུ་ ས་སྒོ་ངོས་བདེན་ཅིག་ནང་ རྐྱབ་ཚུགས་ཏེ་ཡོདཔ་ལས་ སྟབས་བདེ་ཏོག་ཏོ་སོང་སྟེ་ཡོད་ཟེར་བཤད་ཅི།

ད་རུང་ ཁོ་གིས་སླབ་མི་ནང་ ཧེ་མ་ ཡིག་ཚང་འདི་ ལྕང་ལམ་Plazaལུ་འབད་བའི་སྐབས་ སྣུམ་འཁོར་བཞག་ནི་གི་ ས་སྒོ་མེད་པའི་ དཀའ་ངལ་ཚུ་ འཐོན་ཏེ་སྡོད་ཅི་ཟེར་ཨིན་མས།

 འབྲུག་མཁའ་འགྲུལ་ལས་འཛིན་འདི་ སྤྱི་ལོ་༡༩༨༡་ལུ་ གཞི་བཙུགས་འབད་ཡོདཔ་ད་ ད་རེས་ གནམ་གྲུ་འདི་གིས་ རྒྱལ་སྤྱིའི་གི་ས་སྒོ་༩་གི་ནང་ལུ་ འཕུར་འགྲུལ་འབད་དོ་ཡོདཔ་ཨིན།

ད་རུང་ མཁའ་འགྲུལ་འདི་གིས་ བུམ་ཐང་དང་ དགེ་ལེགས་ཕུག་ དེ་ལས་ བཀྲིས་སྒང་ལུ་ཡང་ ནང་འཁོད་གནམ་གྲུ་འཕུར་འགྲུལ་གྱི་ཞབས་ཏོག་ཚུ་ འབྱིན་དོ་ཡོདཔ་ཨིན།