གཟའ་ཉི་མ། ༢༠༡༨ ཟླ་༥ པའི་སྤྱི་ཚེས་༢༦

བློན་ཆེན་གྱིས་ ལྡོག་ཕྱོགས་ཚོགས་པ་གིས་ ཁོ་ལུ་ མི་དམངས་ཀྱི་ ཐོན་སྐྱེད་ལོག་སྤྱོད་འབད་ཡོད་སྦེ་ སླབ་མི་འདི་ མ་བདེནམ་སྦེ་ཐོན་པ་ཅིན་ ཁྲིམ་སར་བཀལ་ནི་ཨིནམ།

སྤྱི་ཟླ་༢ པའི་ཚེས་ ༡༤ ༢༠༡༨

 ༉ བློན་ཆེན་ དྲག་ཤོས་ཚེ་རིང་སྟོབས་རྒྱས་ཀྱིས་གསུང་མི་ནང་ ལྡོག་ཕྱོགས་ཚོགས་པ་གིས་ ཁོ་ལུ་ མི་དམངས་ཀྱི་ཐོན་སྐྱེད་ལོག་སྤྱོད་འབད་དེ་ཡོད་པའི་ ཉེས་འཛུགས་བཀལ་མི་འདི་ མ་བདེནམ་སྦེ་ཐོན་སོང་པ་ཅིན་ ལྡོག་ཕྱོགས་ཚོགས་པ་འདི་ ཁྲིམས་སར་བཀལ་ནི་ཟེར་ཨིན་མས།

ལྡོག་ཕྱོགས་ཚོགས་པ་གིས་འབད་བ་ཅིན་ བློན་ཆེན་གྱིས་ ཁོ་རའི་སྒེར་གྱི་གཟིམ་ཅུང་ནང་ལུ་ སྲུང་སྐྱོབ་ཀྱི་ཐབས་ལམ་སྒྲིག་པའི་སྐབས་ མི་མང་གི་ཐོན་སྐྱེད་ལག་ལེན་འཐབ་སྟེ་ཡོདཔ་སྦེ་ ཉེས་འཛུགས་བཀལ་ཏེ་ཡོདཔ་ཨིན།

བློན་ཆེན་གྱིས་བཀོག་མི་ནང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ གནད་དོན་འདི་ མི་མང་གི་ཐོན་སྐྱེད་ལོག་སྤྱོད་འབད་ཡོདཔ་སྦེ་ མ་བཀོད་རུང་ འབྲུག་ཕུན་སུམ་ཚོགས་པ་གིས་ སྒྲོ་བཏགས་ཏེ་ ཡོད་ཟེར་ཨིན་མས།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ལྡོག་ཕྱོགས་ཚོགས་པ་ལུ་ གནད་དོན་འདི་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ སྙན་ཞུ་འབད་དགོཔ་སྦེ་ བཀོདཔ་ཨིན་མས།

དུས་ཅི་ སྤྱི་ཟླ་༢་པའི་སྤྱི་ཚེས་༧་གྱི་ཚེ་ ལྡོག་ཕྱོགས་ཚོགས་པ་གིས་གནས་ཚུལ་ཞལ་འཛོམས་ཅིག་ཚོགས་པའི་སྐབས་ བློན་ཆེན་གྱིས་ མི་དམངས་ཀྱི་མ་དངུལ་ དངུལ་ཀྲམ་ས་ཡ་༣་མ་ལངམ་ཅིག་ ལོག་སྤྱོད་འབད་དེ་ཡོད་པའི་ཉེས་འཛུགས་བཀལ་ཏེ་ཡོདཔ་ཨིན།

འདི་ཡང་ ཐིམ་ཕུག་ རྟ་བབས་ལུ་ བློན་ཆེན་གྱི་སྒེར་གྱི་གཟིམ་ཅུང་ནང་ སྲུང་སྐྱོབ་ཀྱི་ཐབས་ལམ་ཚུ་ སྒྲིག་པའི་སྐབས་ ལོག་སྤྱོག་འབད་དེ་ཡོདཔ་སྦེ་ཨིན་མས།

བློན་ཆེན་གྱིས་བཀོད་མི་ནང་ ཉེན་སྲུང་གི་ཐབས་ལམ་ཚུ་ རྒྱལ་གཞུང་འབྲུག་གི་ འགག་སྡེ་གིས་བཏོན་ཡོདཔ་ད་ བཟོ་བསྐྲུན་གྱི་ལཱ་འདི་ ཞབས་ཏོག་ལྷན་ཁག་གིས་ འགོ་འདྲེན་འཐབ་སྟེ་ཡོདཔ་སྦེ་ཨིན་མས།

ཉེན་སྲུང་གི་ཐབས་ལམ་དོན་ལས་ བློན་ཆེན་གྱི་སྒེར་གྱི་གཟིམ་ཅུང་ནང་ལུ་ རྩིག་གྱང་རྐྱབ་ནི་དང་ པར་ཆས་སི་སི་ཀྲི་བི་དང་གློག་མེ་ བཙུགས་ནི་ དེ་ལས་ སྲུང་སྐྱོབ་ཁང་མིག་རྐྱབ་ནི་དང་སྒོ་ར་རྐྱབ་ནི་ འདི་བཟུམ་སྦེ་ འཐུང་ཆུ་བཏོན་ནི་གི་ལཱ་ཚུ་ འགོ་འདྲེན་འཐབ་ཡོདཔ་ཨིན་མས།