གཟའ་ཉི་མ། ༢༠༡༨ ཟླ་༥ པའི་སྤྱི་ཚེས་༢༦

སྤ་རོ་ལུ་ གོང་ཚད་ཕབ་ཆ་མེད་པའི་ མེ་རླུང་རྒྱ་རྫི་མ་ཐོབ་པའི་ གདོང་ལེན་འབྱུང་སྟེ་ཡོདཔ།

སྤྱི་ཟླ་༢ པའི་ཚེས་ ༡༣ ༢༠༡༨

 

༉ སྤ་རོ་ལུ་ཡོད་པའི་ བཟའ་ཁང་གི་ཇོ་བདག་ཚུ་ གོང་ཚད་ཕབ་ཆ་མེད་པའི་ མེ་རླུང་རྒྱ་རྫི་ཚུ་མ་ཐོབ་པར་ ད་རེས་འབདཝ་ད་ བདུན་ཕྲག་༣་དེ་ཅིག་ སྒུག་དགོཔ་འཐོན་ཏེ་འདུག

གོང་ཚད་ཕབ་ཆ་མེད་པའི་ མེ་རླུང་རྒྱ་རྫི་ བཀྲམ་སྤེལ་འབད་ནི་མེདཔ་ལས་ བཟའ་ཁང་གི་ཇོ་བདག་ཚུ་ལུ་ ཐོ་ཕོགཔ་མས་ཟེར་ ཉོག་བཤད་བཀོདཔ་ཨིན་མས།

སྤ་རོ་ལུ་ཡོད་པའི་ བཟའ་ཁང་གི་ཇོ་བདག་དང་ བཞེས་སྒོ་འབད་མི་ དེ་ལས་ བཟའ་ཁང་གི་འཛིན་སྐྱོང་པ་ཚུ་གིས་ སྤྱི་ཟླ་དང་པའི་ སྤྱི་ཚེས་༢༧་ལས་རང་འགོ་བཙུགས་ཏེ་ གོང་ཚད་ཕབ་ཆ་མེད་པའི་ མེ་རླུང་རྒྱ་རྫི་ཚུ་འཚོལ་བར་ ལས་སྡེ་མ་འདྲཝ་ཚུ་ནང་ལས་ཕར་ འགྱོ་ཡོདཔ་ཨིན་རུང་ ཐོབ་མ་ཚུགསཔ་ཨིན་མས།

ཁོང་ཆ་ཁྱབ་ཀྱིས་སླབ་མི་ནང་ ཁོང་གིས་ གོང་ཚད་ཕབ་ཆ་ཡོད་པའི་ མེ་རླུང་རྒྱ་རྫི་ཚུ་ ལག་ལེན་འཐབ་པ་ཅིན་ ཚོང་འབྲེལ་ལས་ཁུངས་ཀྱིས་ ཉེས་བྱ་དངུལ་ཀྲམ་སྟོང་ཕྲག་༡༠་བཀལ་དོ་ཡོདཔ་ལས་ སྟབས་བདེ་ཏོག་ཏོ་ཅིག་མིན་འདུག་ཟེར་ཨིན་མས།

ད་རེས་ གོང་ཚད་ཕབ་ཆ་མེད་པའི་ མེ་རླུང་རྒྱ་རྫི་ཚུ་མེད་མི་ལུ་བརྟེན་ བཟའ་ཁང་ཚུ་གིས་ གོང་ཚད་ཕབ་ཆ་ཡོད་པའི་ མེ་རླུང་རྒྱ་རྫི་ཚུ་ ལག་ལེན་འཐབ་ནི་ འགོ་བཙུགས་ཡོདཔ་ཨིན་མས།

གནད་དོན་འདི་གི་སྐོར་ལས་ མེ་རླུང་རྒྱ་རྫི་བཀྲམ་སྤེལ་འབད་མི་ འཇིགས་མེད་བཟོ་གྲྭ་ལས་སྡེ་གིས་བཀོད་མི་ནང་ དེ་སྦེ་ མེ་རླུང་རྒྱ་རྫི་ཚུ་ དུས་ཚོད་ཁར་ བཀྲམ་སྤེལ་འབད་མ་ཚུགས་མི་འདི་ ག་ཅི་ལས་བརྟེན་ཏེ་ཨིན་ན་ ཁོ་རང་གིས་ཡང་ ཧ་མ་གོ་བར་ཡོད་ཟེར་བཤད་ཅི།

ད་རུང་ ལས་སྡེ་འདི་གིས་སླབ་མི་ནང་ དེ་སྦེ་ མེ་རླུང་རྒྱ་རྫི་ཚུ་ དུས་ཚོད་ཁར་བཀྲམ་སྤེལ་འབད་མ་ཚུགས་མི་འདི་ཡང་ མེ་རླུང་རྒྱ་རྫི་གི་དོན་ལུ་ ལས་སྡེ་འདི་དང་འབྲེལ་བ་འཐབ་མི་ རྒྱ་གར་གྱི་དངུལ་ཁང་ཚུ་ནང་ བྱ་སྟབས་མ་བདེཝ་འཐོན་མི་ལུ་བརྟེན་ དངུལ་སྤྲོད་ལེན་གྱི་བྱ་རིམ་ནང་ལུ་ དུས་ཚོད་འགོར་ཡི་ཟེར་ཨིན་མས།

ཨིན་རུང་ ལས་སྡེ་གིས་ ནངས་པ་ སྤ་རོ་ལུ་ གོང་ཚད་ཕབ་ཆ་མེད་པའི་ མེ་རླུང་རྒྱ་རྫི་ སྣུམ་འཁོར་ཀྲག་༢་བཏང་ཚུགས་པའི་རེ་བ་འདུག