རྒྱ་གར་ཏ་ཝང་ལུ་ དོ་ཕད་ཚོང་འབྲེལ་ལས་བརྟེན་ བྱང་ཕུག་རྩེ་གཡུས་ཚན་གྱི་ ཨམ་སྲུ་ཚུ་ལུ་འོང་འབབ། - འབྲུག༌རྒྱང༌བསྒྲགས། | འབྲུག༌རྒྱང༌བསྒྲགས།
གཟའ་ཕུར་བུ། ༢༠༡༨ ཟླ་༨ པའི་སྤྱི་ཚེས་༡༥

རྒྱ་གར་ཏ་ཝང་ལུ་ དོ་ཕད་ཚོང་འབྲེལ་ལས་བརྟེན་ བྱང་ཕུག་རྩེ་གཡུས་ཚན་གྱི་ ཨམ་སྲུ་ཚུ་ལུ་འོང་འབབ།

སྤྱི་ཟླ་༢ པའི་ཚེས་ ༡༢ ༢༠༡༨

 

༉ བཀྲིས་གཡང་རྩེ་ སྟོད་མཚོ་རྒེད་འོག་གི་ བྱང་ཕུག་རྩེ་གཡུས་ཚན་གྱི་ ཨམ་སྲུ་ཚུ་གིས་ མཁར་ཟ་ཀོཔ་ཟེར་མི་ དོ་ཕད་འདི་ ད་ལྟོའི་བར་ན་ཡང་ རྒྱ་གར་ ཏ་ཝང་ལུ་ ཚོང་འབྲེལ་འཐབ་སྟེ་རང་འདུག

ཏ་ཝང་ལུ་ དོ་ཕད་འདི་ ཧེ་མ་དང་ཕྱདཔ་ད་ ད་རེས་ འཇམ་ཏོང་ཏོ་སྦེ་རང་ བཙོང་ཚུགས་དོ་ཡོདཔ་སྦེ་ ཨིན་མས།

མཁར་ཟ་ཀོཔ་ཟེར་མི་དོ་ཕད་འདི་ དེ་བསྒང་ ཏ་ཝང་གི་མི་ཚུ་གིས་ཡང་ འཐག་སྲོལ་སྡོད་ཡོདཔ་ལས་ ཚོང་འབྲེལ་འཐབ་པའི་སྐབས་ དོ་འགྲན་ཅན་ཅིག་སྦེ་སྡོད་ནུག

ཨིན་རུང་ ད་རེས་ ཏ་ཝང་གི་མི་མང་ཤོས་ཅིག་གིས་རང་ དོ་ཕད་འདི་ མི་ཐག་དོ་ཡོདཔ་ལས་ བྱང་ཕུག་རྩེ་གཡུས་ཚན་གྱི་མི་ཚུ་ལུ་ ཚོང་འབྲེལ་གྱི་ ཁེ་ཕན་སྦོམ་སྦེ་རང་ འབྱུང་སྟེ་འདུག

ཏ་ཝང་གི་མི་ག་ར་གིས་ ཧེ་མ་ མཁར་ཟ་ཀོཔ་འདི་ འབག་སྲོལ་སྡོད་ཡོདཔ་ཨིན་རུང་ ད་རེས་ མང་ཤོས་རང་ དུས་སྟོན་ཚུ་གི་སྐབས་ལུ་ འབགཔ་ཨིན་མས།

ཏ་ཝང་གི་མི་ཚུ་གིས་སླབ་མི་ནང་ དོ་ཕད་འདི་ ཏ་ཝང་པ་ཚུ་གི་ རང་ལུགས་ཀྱི་གྱོན་ཆས་བཟུམ་སྦེ་རང་ མེ་ཏོག་འཐུ་སྟེ་ འཇའ་ཆི་ཆི་སྦེ་འཐག་སྟེ་ཡོདཔ་མ་ཚད་ ཐུབ་ཚད་འདི་ཡང་ ལེགས་ཤོམ་སྦེ་རང་ ཡོདཔ་སྦེ་བཤད་ནི་འདུག

བྱང་ཕུག་རྩེ་གི་ཨམ་སྲུ་ཚུ་གིས་ དུས་ཡུན་མང་ཤོས་ཅིག་རང་ དོ་ཕད་ཀྱི་འཐག་ལུ་ བརྩོན་ཤུགས་སྐྱེད་ནི་འདུག

ཁོང་ཆ་ཁྱབ་ཀྱིས་ ཐོན་སྐྱེད་འདི་ཡང་ ཏ་ཝང་ལུ་ རང་ཟླ་༡༢་པའི་ནང་ ཉིནམ་གསུམ་གྱི་དུས་སྟོན་འགོ་འདྲེན་འཐབ་ས་ལུ་ བཙོང་པར་འབག་འགྱོཝ་ཨིན་མས།

ད་རེས་ དོ་ཕད་རེ་ལུ་ གོང་ཚད་དངུལ་ཀྲམ་༥༠༠་རེ་སྦེ་བཙོང་དོ་ཡོདཔ་ད་ ཉིནམ་རེ་ནང་ དོ་ཕད་ཉུང་ཤོས་རང་༢༠་དེ་རེ་ བཙོང་ཚུགས་དོ་ཡོདཔ་སྦེ་བཤད་ཅི།

མཁར་ཟ་ཀོཔ་འདི་ ཨ་རུ་ན་ཅཱལ་མངའ་སྡེ་གི་ ཏ་ཝང་ཁྲོམ་ཁ་ལུ་ འཇམ་ཏོང་ཏོ་སྦེ་ བཙོང་ཚུགས་ནི་འདི་གིས་ བྱང་ཕུག་རྩེ་ལུ་ ན་གཞོན་བུམོ་ཚུ་གིས་ཡང་ དོ་ཕད་འཐག་ཐངས་ཚུ་ ལྷབ་ནི་འདུག