གཟའ་ཟླ་བ། ༢༠༡༨ ཟླ་༡ པའི་སྤྱི་ཚེས་༢༡

རྒྱ་འབྲུག་གཉིས་ཀྱི་བར་ན་ མཐུན་ལམ་འགོ་བཙུགས་ཏེ་ མི་ལོ་༥༠་འཁོར་བའི་ ལས་རྟགས་ཅིག་གསར་བཏོན་འབད་ཡོདཔ།

སྤྱི་ཟླ་༡ པའི་ཚེས་ ༡༢ ༢༠༡༨

 

༉ འབྲུག་དང་རྒྱ་གར་ཁབ་ཀྱིས་ དུས་ཅི་ དོན་གཅོད་ཀྱི་མཐུན་ལམ་འགོ་བཙུགས་ཏེ་ མི་ལོ་༥༠་འཁོར་བའི་དུས་སྟོན་བརྩི་སྲུང་ཞུ་མི་དང་འབྲེལ་ ད་རིས་ ཐིམ་ཕུག་དང་ རྒྱ་གར་ནིའུ་ཌི་ལི་ལུ་སྦེ་ དམིགས་བསལ་གྱི་ལས་རྟགས་ཅིག་འདི་ གསར་བཏོན་འབད་ནུག

རྒྱ་འབྲུག་གཉིས་ཀྱི་བར་ན་ དོན་གཅོད་ཀྱི་མཐུན་ལམ་འདི་ སྤྱི་ལོ༡༩༦༨་ལུ་ ཐིམ་ཕུག་ལུ་སྦེ་ རྒྱ་གར་གྱི་དོན་གཅོདཔ་ཅིག་ བསྐོ་བཞག་འབད་བའི་ཤུལ་མ་ གཞི་བཙུགས་འབད་ནུག

ལས་རྟགས་འདི་ བརྙན་སྟོན་གྲོས་འཛོམས་ཐོག་ལས་ ཐིམ་ཕུག་དང་ ནིའུ་ཌི་ལི་ལུ་ དུས་མཉམ་སྦེ་ གསར་བཏོན་གནང་ཡི།

འདི་ཡང་ འབྲུག་གི་ཕྱི་འབྲེལ་བློན་པོ་ དམ་ཆོས་རྡོ་རྗེ་དང་ རྒྱ་གར་གྱི་ཕྱི་འབྲེལ་བློན་པོ་ སུཤ་མ་སྭ་བ་རཱཇ་གཉིས་མཉམ་འབྲེལ་འབད་དེ་ གསར་བཏོན་གནང་སྟེ་ཡོདཔ་ཨིན།

ལས་རྟགས་འདི་ནང་ལུ་ མི་ལོ་༥༠་འཁོར་བའི་ གྱངས་ཁ་༥་དང་ཀླད་ཀོར་སྦེ་ཡོད་ས་ལས་ ༥་འདི་ འབྲུག་དཀརཔོ་དང་བཅསཔ་སྦེ་ འབྲུག་པའི་རྒྱལ་དར་གྱི་མཚོ་གཞི་སེརཔོ་དང་ལི་ཝང་གིས་ རྒྱན་ཏེ་ཡོདཔ་ཨིན་མས།

དེ་ལས་ ཀླད་ཀོར་འདི་ རྒྱ་གར་གྱི་རྒྱལ་དར་གྱི་མཚོ་གཞི་མ་འདྲཝ་གསུམ་གྱིས་རྒྱན་ཏེ་ རྒྱ་འབྲུག་གཉིས་ཀྱི་མཐུན་ལམ་དམ་ཟབ་ཡོདཔ་སྦེ་གསལ་སྟོན་འབད་དེ་ཡོདཔ་ཨིན་མས།

ལས་རྟགས་གསར་བཏོན་གྱི་སྐབས་ལུ་ ཕྱི་འབྲེལ་བློན་པོ་དམ་ཆོས་རྡོ་རྗེ་གིས་གསུང་མི་ནང་ འབྲུག་དང་རྒྱ་གར་གྱི་བར་ན་ ལོ་ངོ་༥༠འཁོར་ཏེ་ཡོད་མི་ མཐུན་ལམ་དམ་ཟབ་འདི་ རྒྱལ་སྤྱི་མཐུན་འབྲེལ་གྱི་དོན་ལུ་ དཔེ་སྟོན་ཅིག་ཨིན་ཟེར་གསུང་ཡི།

ད་རུང་ བློན་པོ་གིས་འབད་བ་ཅིན་ མི་ལོ་༥༠འཁོར་བའི་ མཐུན་འབྲེལ་གྱི་དུས་སྟོན་འདི་ རྒྱ་འབྲུག་གཉིས་ཀྱི་བར་ན་ སྤྱི་མཐུན་མཉམ་འབྲེལ་དང་ ཡར་འཕེལ་ཅན་གྱི་མ་འོངས་ཀྱི་དོན་ལུ་ བརྩི་སྲུང་འབད་ནི་གི་གོ་སྐབས་ཅིག་ཡང་ཨིན་ཟེར་གསུང་ཡི།

ད་རུང་ བློན་པོ་གིས་གསུང་མི་ནང་ རྒྱ་གར་གྱི་མཐུན་འབྲེལ་དང་མཉམ་འབྲེལ་གྱི་དོན་ལས་ འབྲུག་པའི་མི་སེར་ཚུ་གི་ཧོངས་ལས་ བཀྲིན་དགའ་འཚོར་སྦོམ་སྦེ་རང་ཡོད་ཟེར་ཨིནམ་མ་ཚད་ རྒྱལ་ཁབ་གཉིས་ཀྱི་མི་སེར་ཚུ་གིས་ འཕྲོ་མཐུད་དེ་རང་ ཞི་བདེ་དང་དགའ་སྐྱིད་འདི་ཚུ་མྱོང་མི་དང་འབྲེལ་ རྒྱ་འབྲུག་གཉིས་ཀྱི་མཐུན་ལམ་འདི་ཡང་ ད་རེས་བ་ཡང་ལྷགཔ་སྦེ་ སྒྲིང་སྒྲི་དང་རྩ་བརྟན་འགྱོ་འོང་ཟེར་ཨིན་མས།

དུས་སྟོན་བརྩི་སྲུང་གི་སྐབས་ལུ་ ཆེ་རིམ་གནས་ཚད་ཀྱི་བརྗེ་སོར་ལས་རིམ་གྱི་མ་ཚད་པར་ རྒྱ་འབྲུག་གཉིས་ཆ་ར་གིས་ ལམ་སྲོལ་དང་འགྲེམས་སྟོན་ དེ་ལས་ གྲོས་འཛོམས་བཟུམ་གྱི་ དམིགས་བསལ་གྱི་དུས་སྟོན་ལས་རིམ་ ལེ་ཤ་ཅིག་རང་ བརྩམ་སྟེ་ཡོདཔ་ཨིན་མས།

མི་ལོ་༥༠འཁོར་བའི་དུས་སྟོན་འདི་ཚུ་ ལེགས་ཤོམ་སྦེ་ བརྩི་སྲུང་ཞུ་ཚུགས་ནི་གི་དོན་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་བཀའ་རྒྱ་བཞིན་ རྒྱལ་ཡོངས་འགོ་འདྲེན་ཚོགས་ཆུང་ཟེར་ ཚོགས་པ་ཅིག་ཡང་ བཟོ་སྟེ་ཡོདཔ་ཨིན།