གཟའ་ཉི་མ། ༢༠༡༨ ཟླ་༤ པའི་སྤྱི་ཚེས་༢༡

རྒྱ་འབྲུག་གཉིས་ཀྱི་བར་ན་ མཐུན་ལམ་དམ་ཟབ་ཡོད་མི་ལུ་ འབྲུག་ལུ་རྒྱ་གར་གྱི་གཞུང་ཚབ་ ཇའི་དིབ་སཱར་ཀར་གྱིས་བཀོད་པའི་གནད་དོན།

སྤྱི་ཟླ་༡ པའི་ཚེས་ ༡༢ ༢༠༡༨

 

༉ འབྲུག་ལུ་རྒྱ་གར་གྱི་གཞུང་ཚབ་ ཇའི་དིབ་སཱར་ཀར་གྱིས་སླབ་མི་ནང་ རྒྱ་འབྲུག་གཉིས་ཀྱི་མཐུན་ལམ་འདི་ རྒྱལ་རབས་ནང་ལུ་ གཞན་དང་མ་འདྲཝ་ཅིག་སྦེ་ཡོདཔ་ད་ འདི་ཡང་ སྔོན་གཟིགས་ཅན་གྱི་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ རྒྱ་གར་གྱི་དབུ་འཁྲིདཔ་ཚུ་ལས་བརྟེན་ཏེ་ཨིན་ཟེར་བཤད་ཅི།

ད་རུང་ གཞུང་ཚབ་ཀྱིས་བཀོད་མི་ནང་ ད་རེས་ རྒྱབ་ཁབ་གཉིས་ཀྱི་བར་ན་ མཐུན་ལམ་གཞི་བཙུགས་འབད་དེ་ མི་ལོ་༥༠་འཁོར་བའི་དུས་སྟོན་བརྩི་སྲུང་ཞུ་མི་དང་འབྲེལ་ མཐུན་འབྲེལ་འདི་ ཕྱོགས་གཉིས་ཆ་རའི་ཧོངས་ལས་རང་ འཕྲོ་མཐུད་དེ་རང་ བཞག་དགོཔ་འདི་ ཁག་ཆེ་བས་ཟེར་ཨིན་མས།

རྒྱ་གར་གྱི་གཞུང་ཚབ་ཀྱིས་འབད་བ་ཅིན་ སྤྱི་ལོ་༢༠༡༨་འདི་ རྒྱ་འབྲུག་གཉིས་ཀྱི་མཐུན་འབྲེལ་ནང་ལུ་ རྒྱལ་རབས་ཅན་ཅིག་ཨིན་ཟེར་བཤད་ཅི།

ཁོ་གིས་སླབ་མི་ནང་ མི་དབང་འབྲུག་རྒྱལ་གསུམ་པ་མཆོག་གིས་ རྒྱ་གར་གཞུང་ཚབ་ཡིག་ཚང་གི་དོན་ལས་ འབྲུག་ལུ་ ས་ཆ་ཨེ་ཀར་༦༧་གནང་སྟེ་སྦེ་ མི་ལོ་༥༠་འཁོར་ཏེ་ཡོད་ཟེར་ཨིན་མས།

ཐིམ་ཕུག་ལུ་ཡོད་པའི་ རྒྱ་གར་གཞུང་ཚབ་ཡིག་ཚང་རྐྱབ་ནི་གི་དོན་ལས་ འགྱམ་རྡོ་འདི་ སྤྱི་ལོ་༡༩༦༨ སྤྱི་ཟླ་༥པའི་ནང་ རྒྱ་གར་གྱི་བློན་ཆེན་ ཨིན་དྷ་ར་གཱན་དྷི་ འབྲུག་ལུ་ གཟིགས་སྐོར་ལུ་བྱོན་པའི་སྐབས་ བཙུགས་གནང་ནུག

འདི་གི་ཤུལ་ལས་ འབྲུག་དང་རྒྱ་གར་གྱི་བར་ན་ མཐུན་ལམ་གཞི་བཙུགས་འབད་དེ་ མི་ལོ་༥༠་འཁོར་ཏེ་ཡོདཔ་ཨིན།

འབྲུག་ལུ་རྒྱ་གར་གྱི་གཞུང་ཚབ་གིས་བཀོད་མི་ནང་ འདས་པའི་མི་ལོ་༥༠་གི་རིང་ལུ་ རྒྱ་འབྲུག་གཉིས་ཀྱི་བར་ན་མཐུན་ལམ་དམ་ཟབ་ཀྱི་ཐོག་ལས་མཉམ་འབྲེལ་འབད་དེ་ གཞན་དང་མ་འདྲ་བའི་མཐུན་འབྲེལ་གཞི་བཙུགས་འབད་ཚུགས་ཏེ་ཡོད་ཟེར་ཨིནམ་ད་ འདི་ཡང་ ཤེས་རབ་བླ་ན་མེད་པའི་ མི་དབང་རིམ་བྱོན་དང་ རྒྱ་གར་གྱི་དབུ་འཁྲིདཔ་ཚུ་ལས་བརྟེན་ཏེ་ཨིན་ཟེར་བཤད་ཅི།

ད་རུང་ གཞུང་ཚབ་ཀྱིས་སླབ་མི་ནང་ མི་དབང་རིམ་བྱོན་དང་ རྒྱ་གར་གྱི་དབུ་འཁྲིདཔ་ཚུ་གི་གནས་ཚད་ཁ་ལུ་ཡོད་པའི་ མཐུན་ལམ་ལུ་བལྟ་བ་ཅིན་ ད་ལས་ཕར་རང་འབད་རུང་ རྒྱལ་ཁབ་གཉིས་ཀྱི་བར་ནའི་མཐུན་ལམ་འདི་ དམ་ཟབ་སྦེ་རང་ འགྱོ་ནི་བཟུམ་མཐོང་མས་ཟེར་ཨིནམ་ད་ ད་ལས་ཕར་རང་འབད་རུང་ མཐུན་ལམ་འདི་ལེགས་ཤོམ་སྦེ་རང་བཞག་ནི་གི་དོན་ལས་ འཕྲོ་མཐུད་དེ་རང་ རྩ་འགེངས་དགོཔ་འདི་ ཁག་ཆེ་ཟེར་ཨིན་མས།

 ད་རུང་ གཞུང་ཚབ་འདི་གིས་སླབ་མི་ནང་ རྒྱལ་ཁབ་གཉིས་མཉམ་འབྲེལ་གྱི་ཐོག་ལས་ལཱ་འབད་མི་འདི་ ལྷོ་ཨེ་ཤི་ཡ་ནང་ལུ་ མཉམ་འབྲེལ་གྱི་དཔེ་སྟོན་ཅིག་ཨིནམ་མ་ཚད་ མི་སེར་གྱི་མཐའ་དོན་གྱི་དོན་ལུ་ གཅིག་གཅིག་གི་བར་ན་ མཉམ་འབྲེལ་བཟོ་དགོཔ་འདི་ཡང་ ཁག་ཆེ་ཟེར་བཤད་ཅི།