གཟའ་ཟླ་བ། ༢༠༡༨ ཟླ་༡ པའི་སྤྱི་ཚེས་༢༡

འབྲུག་པའི་རྐང་རྩེདཔ་གཉིས་ཀྱིས་ ཨའི་ལིག་གི་ རྩེད་འགྲན་གྱི་དོན་ལུ་ གོ་སྐབས་ལེན་ནི་གི་དོན་ལུ་ ལྟ་རྟོག

སྤྱི་ཟླ་༡ པའི་ཚེས་ ༡༢ ༢༠༡༨

 

༉ འབྲུག་པའི་རྒྱལ་ཡོངས་ རྐང་རྩེདཔ་༢་ཀྱིས་ ད་རེས་ རྩེད་འགྲན་འབད་བའི་བསྒང་ཡོད་མི་ ཨའི་ལིག་གི་རྩེད་འགྲན་ནང་ལུ་ མི་ནིར་ཝ་པན་ཇབ་ཨེཕ་སི་གི་ཧོངས་ལས་ རྩེད་འགྲན་འབད་ནི་ གོ་སྐབས་ལེན་ནི་གི་དོན་ལུ་ རིག་རྩལ་ཚུ་ བརྟག་དཔྱད་འབད་བར་ པན་ཇབ་ལུ་ ལྷོད་དེ་ཡོདཔ་ཨིན།

འདི་ཡང་ མི་ནིར་ཝ་པན་ཇབ་ཨེཕ་སི་ནང་ལུ་ རྩེད་འགྲན་འབད་མི་ ཇ་པཱན་ལས་ ཏོ་ཤི་ཡ་ཧོ་སོའི་འདི་ འཐོན་འགྱོ་བའི་ཤུལ་མ་ སྡེ་ཚན་འདི་ནང་ལུ་ ཨེ་ཤི་ཡཱ་ལས་ རྩེད་འགྲན་པ་ཅིག་ དགོཔ་འཐོན་ཏེ་ཡོདཔ་ཨིན་མས།

འཇིགས་མེད་ཚེ་རིང་རྡོ་རྗེ་དང་ ཉི་མ་དབང་ཕྱུག་གཉིས་ཀྱིས་ ལྕོག་གྲུབ་ཚུ་ ལེགས་ཤོམ་སྦེ་ བཏོན་ཚུགས་པ་ཅིན་ སྡེ་ཚན་འདི་ནང་ལུ་ རྩེད་འགྲན་འབད་ནི་གི་ གོ་སྐབས་འཐོབ་ནི་ཨིན་མས།

སྐྱེ་ལོ་༢༢་ལང་མི་ འཇིགས་མེད་ཚེ་རིང་རྡོ་རྗེ་དང་ སྐྱེ་ལོ་༡༩་ལང་མི་ ཉི་མ་དབང་འདུས་གཉིས་ཆ་རང་ རྒྱལ་ཡོངས་ཀྱི་ རྐང་རྩེདཔ་ཅིག་ཨིན་མས།

ཁོང་༢་ཀྱིས་ སྤྱི་ལོ་༢༠༡༧་ལུ་ རྒྱལ་ཡོངས་ལིག་གི་ རྐང་རྩེད་འགྲན་བསྡུར་ནང་ལུ་ ཐིམ་ཕུག་སི་ཊི་ཨེཕ་སི་གི་ རྐང་རྩེད་སྡེ་ཚན་ནང་ལུ་ རྩེད་འགྲན་འབད་དེ་ སྡེ་ཚན་འདི་ རྒྱལ་ཁ་ཐོབ་ནུག

ད་རུང་ ཉི་མ་དབང་འདུས་འདི་ སྤྱི་ལོ་༢༠༡༧་ལུ་ རྒྱལ་ཡོངས་ལིག་གི་ རྐང་རྩེད་འགྲན་བསྡུར་ནང་ལུ་ རྩེད་འགྲན་པ་དྲག་ཤོས་ཀྱི་ ངོས་ལེན་ཐོབ་ཡོདཔ་ཨིན་མས།

ཁོང་གཉིས་ཀྱིས་ ད་རེས་ མི་ནིར་ཝ་པན་ཇབ་ཨེཕ་སི་ནང་ལུ་ རྩེད་འགྲན་འབད་ནི་གི་དོན་ལས་ གཟའ་ཕུརཔ་གི་ཚེས་ སྟོབས་ཤུགས་དང་ རིག་རྩལ་ཚུ་ ལྟ་རྟོག་འབད་ཚར་ཏེ་ ཡོདཔ་ཨིན།

ད་རེས་ མི་ནིར་ཝ་པན་ཇབ་ཨེཕ་སི་ནང་ལུ་ འབྲུག་པའི་རྒྱལ་ཡོངས་ཀྱི་ རྐང་རྩེདཔ་ བཙན་སྐྱོགས་རྒྱལ་མཚན་གྱིས་ སྡེ་ཚན་འདི་དང་གཅིག་ཁར་ མཚན་རྟགས་བཀོད་དེ་ རྩེད་འགྲན་འབད་བའི་བསྒང་ཡོདཔ་ལས་ སྡེ་ཚན་འདི་ དྲག་ཤོས་ཀྱི་གྲལ་ཁར་ ཚུད་དེ་ཡོདཔ་ཨིན་མས།