གཟའ་སྤེན་པ། ༢༠༡༨ ཟླ་༡༠ པའི་སྤྱི་ཚེས་༡༩

སྐུདཔ་ཚོས་རྐྱབ་ནི་གི་སྲོལ་འདི་ ལོག་སྟེ་རང་ ཉམས་སྲུང་འབད་བའི་བསྒང་།

སྤྱི་ཟླ་༡ པའི་ཚེས་ ༡༢ ༢༠༡༨

༉ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ ཨོ་རོང་རྒེད་འོག་ འུ་གླིང་སྤྱི་འོག་ནང་ལུ་ རང་ལུགས་ལག་བཟོ་ཡར་དྲག་ལས་སྡེ་གིས་ རང་བཞིན་གྱིས་ སྐུདཔ་ཚོས་རྐྱབ་ནི་གི་སྲོལ་འདི་ ལོག་སྟེ་རང་ ཉམས་སྲུང་འབད་ནི་ འགོ་བཙུགས་ཏེ་འདུག

འཕྲལ་ཁམས་གཅིག་ཁར་ ལས་སྡེ་འདི་གིས་ ཐགས་འཐག་མི་༣༢་ལུ་ སྦྱོང་བརྡར་ཚུ་ བྱིན་ཏེ་ཡོདཔ་ཨིན།

འདི་ཡང་ གཡུས་འདི་ནང་ལུ་ ཚོས་བཏོན་ནི་གི་ རིག་རྩལ་ཚུ་མེདཔ་ལས་ སྐུདཔ་ཚོས་རྐྱབ་ནི་གི་དོན་ལས་ ཚོས་ཚུ་ ཕྱི་རྒྱལ་ལས་ ནང་འདྲེན་འཐབ་དོ་ཡོད་མི་ལུ་ བརྟེན་ཏེ་ཨིན་མས།

འདི་འབདཝ་ལས་ ད་རེས་ རང་བཞིན་གྱི་ ཚོས་བཏོན་ནི་གི་ སྦྱོང་བརྡར་ཐོབ་སྟེ་ཡོདཔ་ལས་ གཡུས་འདི་ནང་གི་མི་ཚུ་གིས་ ཚོས་ ནང་འདྲེན་འཐབ་ནི་འདི་ མར་ཕབ་འབད་ཚུགས་པའི་ རེ་བ་འདུག

སྦྱོང་བརྡར་འབད་མི་ཚུ་གིས་སླབ་མི་ནང་ ཁོང་ཆ་ཁྱབ་ཀྱི་ ནང་འཁོད་ལས་ཐོབ་པའི་ སྔོ་ཤིང་དང་ཤིང་འབྲས་ དེ་ལས་ ཤིང་གི་འདབ་མ་ལག་ལེན་འཐབ་སྟེ་ སྐུདཔ་ཚོས་རྐྱབ་ནི་གི་ སྦྱོང་བརྡར་ཚུ་འཐོབ་ཡོདཔ་ལས་ འདི་གིས་ ཚོས་ཚུ་ ཕྱི་རྒྱལ་ལས་ ནང་འདྲེན་འབད་མ་དགོ་པའི་ ཕན་ཐོགས་འབྱུང་ནི་མས་ཟེར་བཤད་ཅི།

ད་རུང་ གཡུས་ཚན་འདི་ནང་ལུ་ སྦྱོང་བརྡར་འདི་ལས་བརྟེན་ཏེ་ ཐགས་འཐག་ནི་གི་སྲོལ་འདི་ཡང་ ཡར་དྲག་བཏང་ཚུགས་པའི་ རེ་བ་འདུག

འདི་བཟུམ་སྦེ་ ཐགས་འཐག་ནི་འདི་ ཨམ་སྲུ་ཚུ་གི་དོན་ལས་ འོང་འབབ་བཟོ་སའི་ གཞི་གཙོ་བོ་ཅིག་ཨིན་མས།

སྦྱོང་བརྡར་གྱི་ཤུལ་ལས་ ཁོང་ཨམ་སྲུ་ཆ་ཁྱབ་ཀྱིས་ ལཱ་གཅིག་ཁར་འབད་ནི་སྦེ་ ཐགས་འཐག་ནི་གི་སྡེ་ཚན་ཅིག་ཡང་ བཟོ་སྟེ་འདུག