གཟའ་སྤེན་པ། ༢༠༡༨ ཟླ་༡༠ པའི་སྤྱི་ཚེས་༡༩

ཐིམ་ཕུག་བདེ་ཆེན་ཆོས་གླིང་ལུ་ ཡན་ལག་ཁྲོམ་གཞི་ཆགས་འབད་ནི་ཨིནམ།

སྤྱི་ཟླ་༡ པའི་ཚེས་ ༡༡ ༢༠༡༨

༉ ཐིམ་ཕུག་ཁྲོམ་སྡེ་གིས་ ད་ལས་ཕར་ ལོ་ངོ་༢དང་༣གྱི་ནང་འཁོད་ལུ་ བདེ་ཆེན་ཆོས་གླིང་ལུ་སྦེ་ ཡན་ལག་གི་ཁྲོམ་གསརཔ་ཅིག་ གཞི་ཆགས་ཚུགས་པའི་འཆར་གཞི་ཡོདཔ་ཨིན་མས།

ཁྲོམ་སྡེའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ ཡན་ལག་ཁྲོམ་འདི་ཡང་ དཔེ་སྟོན་ཅན་གྱི་ཁྲོམ་ཅིག་ལུ་བསྒྱུར་ཚུགས་པའི་ རེ་བ་བསྐྱེདཔ་ཨིན་མས།

ཡན་ལག་ཁྲོམ་གྱི་དོན་ལུ་ ཁྱིམ་ས་༤༥་ བགོ་བཀྲམ་འབད་ཚར་ཏེ་ཡོད་ས་ལས་ ད་རེས་ ཁྱིམ་ས་ཐོབ་མི་༢༨ཀྱིས་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ལས་ ལག་ཁྲམ་ཚུ་ཡང་ ཐོབ་ཚར་ཏེ་འདུག

ཁྱིམ་ས་རེ་རེ་གི་དོན་ལས་ ས་ཆ་ཌི་སི་མཱལ་༤དང་༦་གི་བར་ན་ཡོདཔ་ད་ བགོ་བཀྲམ་གྱི་ལམ་ལུགས་འདི་ཡང་ ཁ་རྗེ་གདམ་འཐུ་གི་ཐོག་ལས་སྦེ་ འགོ་འདྲེན་འཐབ་ཡོདཔ་ཨིན་མས།

ཁྲོམ་སྡེའི་འགོ་དཔོན་ཚུ་གིས་་སླབ་མི་ནང་ ས་སྒོ་འདི་ནང་ལུ་ ཡན་ལག་ཁྲོམ་གཞང་ཆགས་འབད་ནི་གི་ འཆར་གཞི་འདི་ཡང་ འདས་པའི་ལོ་ངོ་བཅུ་ཕྲག་༢དེ་ཅིག་གི་ཧེ་མ་ལས་རང་ སྡོད་ཡོདཔ་སྦེ་བཤད་ཅི།

 འཕྲལ་ཁམས་ཅིག་ཁར་ ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ ཁྲོམ་སྡེ་གིས་ ཁྲོམ་གྱི་གཞི་ཆགས་ནི་གི་དོན་ལས་ འཆར་གཞི་བརྩམ་སྟེ་ཡོད་མི་འདི་ གྲོས་བསྟུན་འབད་ནི་གི་དོན་ལུ་ སའི་ཇོ་བདག་ཚུ་དང་འཕྱད་དེ་ཡོདཔ་ཨིན་མས།

ཁྲོམ་སྡེ་གིས་ བཟོ་སྐྲུན་གྱི་ལཱ་ཚུ་ཡང་ ཤུལ་མའི་ལོ་༢དང་༣གྱི་ནང་འཁོད་ལུ་ མཇུག་བསྡུ་ཚུགས་པའི་རེ་བ་ཡོདཔ་ད་ ད་རེས་ ས་སྒོ་འདི་ནང་ལུ་ཡོད་པའི་ ཁྱིམ་ཚུ་བརྡལ་བཏང་དགོ་ནི་ཨིན་མས།

ཁྲོམ་སྡའི་འགོ་དཔོན་ཚུ་གིས་སླབ་མི་ནང་ ཁྲོམ་འདི་ནང་དགོ་པའི་ གཞི་རྟེན་མཐུན་རྐྱེན་ཚུ་ག་ར་ གོ་རིམ་སྦེ་ གཞི་བཙུགས་འབད་འོང་ཟེར་ཨིན་མས།

ཐིམ་ཕུག་ཁྲོམ་སྡེའི་ ཁྲོམ་དཔོན་ཀུན་ལེགས་རྡོ་རྗེ་གིས་སླབ་མི་ནང་ ཁྲོམ་སྡེ་གིས་ འཁོར་ལམ་བཟོ་སྐྲུན་དང་ ཁྱིམ་ས་ཚུ་སྙོམ་ཏོག་ཏོ་བཟོ་ནི་སྦེ་ ཁས་ལེན་འབད་དེ་ཡོདཔ་ད་ འདི་ཡང་ ཁྲོམ་འདི་ནང་ལུ་ སྒྲིང་ཁྱིམ་ཚུ་ ཐོག་ཚད་དྲན་འདྲ་སྦེ་ འོང་ཐབས་ལུ་དམིགས་ཏེ་ཨིན་ཟེར་བཤད་ཅི།

ཁྲོམ་གྱི་ས་སྒོ་ནང་ལུ་ ཁྱིམ་རྐྱབ་མི་ཚུ་གིས་ ཁྱིམ་རྐྱབ་པའི་སྐབས་ ཁྱིམ་གྱི་ཐོག་ཚད་༣རྐྱངམ་ཅིག་རྐྱབ་བཅུག་ནི་ཨིན་མས།

ད་རེས་ ཁྲོམ་སྡེ་གིས་ ཁྲོམ་གྱི་གཞི་ཆགས་ནི་གི་དོན་ལས་ འཆར་གཞི་ཚུ་ག་ར་ བརྩམ་ཚར་ཏེ་ཡོདཔ་ལས་ མགྱོགས་པ་རང་ གོང་འཕེལ་གྱི་ལཱ་ཚུ་ འགོ་བཙུགས་ནི་གི་འཆར་གཞི་འདུག